སྤ་རོ་ཨེཕ་སི་སྡེ་ཚན།

སྤ་རོ་ཨེཕ་སི་སྡེ་ཚན་ལུ་ ཕུཊ་བཱོལ་གྱི་ སྙན་གྲགས་འཐོན་ནིའི་ གོ་སྐབས་ཡོདཔ།

སྤྱི་ཟླ་༡ པའི་ཚེས་༢༩ ལུ་ ཐིམ་ཕུག་ལྕང་གླིང་མེད་ཐང་ནང་ སྤ་རོ་དང་ ཤྲཱི་ལངྐའི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི།

༉ སྤྱི་ཟླ་༢ པའི་ཚེས་༥ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་སྡེའི་དོན་ལུ་ མཐར་འཁྱོལ་འགྲན་བསྡུར་ཐེངས་༢ པའི་ནང་ བེང་ག་ལུ་རུ་ཨེཕ་སི་སྡེ་ཚན་དང་ རྩེད་འགྲན་འབདཝ་ད་ སྤ་རོ་ཨེཕ་སི་སྡེ་ཚན་དེ་ ཤཱྲི་ལངྐའི་སྡེ་ཚན་ ཌི་ཕེན་ཌརསི་ཨེཕ་སི་དང་ཕྱདཔ་ད་ གོ་སྐབས་ལེགས་ཤོམ་ཡོདཔ་ཨིན་པས།
དེ་ཡང་ ཨེན་པི་ཨེལ་སི་ཟེར་མི་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་ནང་ དྲག་ཤོས་ཐོན་མི་ སྤ་རོ་ཨེཕ་སི་གིས་ སྤྱི་ཟླ་༡ པའི་ཚེས་༢༢ ལུ་ ཤྲཱི་ལངྐའི་རྒྱལ་ས་ ཀོ་ལམ་བོ་ལུ་ ཌི་ཕེན་ཌརསི་ཨེཕ་སི་དང་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ གཱོལ་འདྲན་འདྲ་བཙུགས་པའི་ ཁེ་ཕན་ཡོད་མི་ལུ་བརྟེན་ཨིནམ་ད་ རྩེད་འགྲན་དེ་ གཱོལ་༣-༣ སྦེ་ མཇུག་བསྡུ་ཡོདཔ་ཨིན་པས།
སྤ་རོ་ཨེཕ་སི་སྡེ་ཚན་དེ་ སྤྱི་ལོ་༢༠༡༨ ལུ་ འགོ་དང་པ་ གཞི་བཙུགས་འབད་བའི་ཤུལ་ལུ་ ད་རེས་ རྒྱལ་སྤྱི་གནས་ཚད་ཀྱི་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་དེ་ འགོ་དང་པ་ཨིན་པས།
རྩེད་འགྲན་འགོ་མ་བཙུགས་པའི་ཧེ་མར་ དྲི་བ་དྲིས་ལན་འབདཝ་ད་ སྤ་རོ་ཨེཕ་སིའི་ མདོ་ཆེན་དང་ སློབ་སྟོན་པ་གོངམ་ པུཤ་པ་ལཱལ་ཤར་མ་གིས་ སླབ་མིའི་ནང་ སྡེ་ཚན་གྱིས་ གྲ་སྒྲིག་ལེགས་ཤོམ་འབད་ཡོདཔ་མ་ཚད་ བྱང་ཕྱད་སྡེ་ཚན་ལུ་ དོ་འགྲན་སྒྲིང་སྒྲི་འབད་ནི་གི་ རེ་བ་བསྐྱེདཔ་བཞིན་དུ་ གྲུབ་འབྲས་ཐོན་ཡི་ཟེར་ཨིན་པས།
རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༥ ལངམ་ད་ འབྲུག་གི་སྡེ་ཚན་ལུ་ གཱོལ་༡ བཙུགས་ཡོད་རུང་ བར་མཚམས་མ་རན་ཚུན་ཚོད་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ རྩེད་ཐང་ནང་ བྱང་ཕྱད་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ དབང་གནོན་ཐོག་ལུ་ར་ བཞག་ཡོདཔ་ད་ རྩེད་འགྲན་འབད་དེ་ སྐར་མ་༡༢ ལངམ་ད་ ཤྲཱི་ལངྐའི་སྡེ་ཚན་ལུ་ གཱོལ་༡ བཙུགས་ཏེ་ སྡེ་ཚན་གཉིས་ཆ་ར་ འདྲན་འདྲ་ཡར་སོ་ནུག།
ད་རུང་ ཤྲཱི་ལངྐའི་རྩེད་འགྲན་པ་ཅིག་གིས་ སྐར་ཆ་༡༨ ནང་ གཱོལ་༡ བཙུགས་ཡོད་རུང་ གཱོལ་དེ་ མ་ཆོག་པའི་ས་ཁོངས་ནང་ལས་ བཙུགས་མི་ལུ་བརྟེན་ ངོས་ལེན་འབད་མ་བཏུབ་པས།
དེམ་ཅིག་གི་བར་ན་ སྤ་རོ་ཨེཕ་སིའི་ རྩེད་འགྲན་པ་ཚུ་གིས གནོན་ཤུགས་ཀྱི་སྒོ་ལས་ རྩེད་འགྲན་འབདཝ་བཞིན་དུ་ བཙན་སྐྱོགས་རྒྱལ་མཚན་གྱིས་ གོ་སྐབས་ལེགས་ཤོམ་ཐོབ་སྟེ་ སྐར་མ་༢༤ ལངམ་ད་ གཱོལ་གཉིས་པ་བཙུགས་ཡོད་རུང་ སྐར་མ་༡༢ ཀྱི་རྒྱབ་ལས་ ཤྲཱི་ལངྐའི་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཏེ་ འདྲན་འདྲ་ཡར་སོ་ནུག།
དེ་ལས་ བར་མཚམས་དང་པའི་ བྱི་སི་རྐྱབ་ནི་རནམ་ད་ སྤ་རོ་ཨེཕ་སིའི་ བཙན་སྐྱོགས་རྒྱལ་མཚན་གྱིས་ ཁོ་རའི་མཉམ་རོགས་ཅིག་ལུ་ བཱོལ་བཏོན་བྱིནམ་ཅིག་ གཱོལ་བཙུགས་དཔ་ལས་ ཤྲཱི་ལངྐའི་སྡེ་ཚན་དེ་ རྣམ་རྟོག་ལང་བཅུག་ཡོདཔ་ད་ སྤ་རོ་སྡེ་ཚན་གྱི་ གཱོལ་༣ དང་ ཤྲཱི་ལངྐའི་སྡེ་ཚན་གྱི་ གཱོལ་༢ སྦེ་ བར་མཚམས་བཏང་ནུག།
སྡེ་ཚན་གཉིས་ཆ་ར་གིས་ བར་ཚམས་ལས་ རྩེད་འགྲན་ལོག་འགོ་བཙུགསཔ་ད་ གཱོལ་བཙུགས་ནིའི་ གོ་སྐབས་ལེ་ཤ་ཐོབ་སྟེ་འབད་རུང་ གོ་སྐབས་ལེན་མ་ཚུགས་པའི་བར་ན་ ཤྲཱི་ལངྐའི་རྩེད་འགྲན་པ་ ས་ཇིཏ་ཀུ་མ་ར་གིས་ གཱོལ་༡ བཙུགས་ཏེ་ གཱོལ་༣-༣ འདྲ་མཉམ་བཟོ་ནུག
སྡེ་ཚན་གཉིས་ཀྱིས་ སྤྱི་ཟླ་༡ པའི་ཚེས་༢༩ ལུ་ ཐིམ་ཕུག་ལྕང་གླིང་མེད་ཐང་ནང་སྦེ་ རྩེད་འགྲན་འབད་ནི་ཨིནམ་ད་ དེ་ནང་ལས་ རྒྱལ་ཁ་ཐོབ་མི་དེ་གིས་ ཧི་རོ་རྒྱ་གར་སུ་པར་ལིག་ རྩེད་འགྲན་ནང་ལས་ དྲག་ཤོས་ཐོན་མི་ བེང་ག་ལུ་རུ་ཨེཕ་སི་དང་ སྔོན་འགྲོའི་སྐོར་ཐེངས་༢ པ་ རྩེད་འགྲན་འབད་ནི་ཨིན་པས།
སྤ་རོ་ཨེཕ་སིའི་ རྩེད་འགྲན་པ་༢༠ དང་གཅིག་གར་ འཕྲུལ་ལས་འགོ་དཔོན་༣ དང་ བཀོད་ཚོགས་ཀྱི་འཐུས་མི་༨ ཤྲཱི་ལངྐ་ལུ་ སྤྱི་ཟླ་༡ པའི་ཚེས་༡༨ ལུ་ ལྷོད་ཡོད་པའི་གནས་ཚུལ།

ཆོས་རྒྱལ་གཡུ་སྒྲོན་ བསོད་ནམས་ལྷ་མོ།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *