སྤ་རོའི་ཚོད་བསྲེ་བཙོང་ཁྲོམ།

སྤ་རོ་ལུ་ ཚོད་བསྲེ་བཙོང་སའི་ས་གོ་གསརཔ་ འཕྲལ་མགྱོགས་ར་རྐྱབ་ནི།

༉ སྤ་རོ་ལུ་ ཚོད་བསྲེ་བཙོང་སར་ ཉིནམ་ཨ་རྟག་ར་ ཉོ་ཚོང་རྐྱབ་མི་ ལེ་ཤ་སྤུངས་འཛོམས་འབད་མི་ལུ་བརྟེན་ སྒོ་དོག་དྲགས་བའི་ དཀའ་བྱུངམ་ཨིན་པས།

དེ་མ་ཚད་ ཐལཝ་ཁོག་ཁོ་སྦེ་ཡོད་པའི་ཁར་ ཚེད་བསྲོ་བཙོང་མི་ ལ་ལོ་གིས་ ཆུ་ཐུབ་རས་ཆ་ ཏིར་པཱལ་གྱིས་བཀབ་མིའི་འོག་ལས་ ཅ་དངོས་ཚུ་ བཙོངམ་ཨིན་པས།

ཚོད་བསྲེ་ཚོང་པ་ ལྷ་མོ་འབྲུག་པ་གིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་ས་ ལེསཤོམ་ཅིག་མེདཔ་ལས་ ཚོད་བསྲེ་ཚུ་ མགྱོགས་དྲགས་སྦེ་སྐམ་ཏེ་ བཙོང་མ་བཏུབ་ཐལ་དོ་ཡོདཔ་ལས་ གྱོང་རྒུད་ཕོགཔ་མས་ཟེར་ཨིན་པས།

མོ་གི་འབད་བ་ཅིན་ ས་གོ་དེ་ནང་ ཐལཝ་ལོང་མི་ལུ་བརྟེན་ མཐའ་འཁོར་གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།

ད་རུང་ ཚོད་བསྲེ་ཚོང་པ་ ལྷག་པ་གིས་ ཁོ་རའི་ས་ཁོངས་ ཕྱགས་བདར་རྐྱབ་ད་ དུས་ཚོད་ཧ་ལམ་ འགོརཝ་མས་ཟེར་ བཤད་པའི་ཁར་ ཚོད་བསྲེ་གསརཔ་ཚུ་ལུ་ ཐལཝ་ཆགས་དེ་ མེདཔ་བཏངམ་མས་ཟེར་ཨིན་པས།

གནད་དོན་དེ་གི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ སྤ་རོ་རྫོང་ཁག་ཚོགས་འདུ་ནང་ཡང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།

རྫོང་བདག་བསྟན་འཛིན་འཕྲིན་ལས་ཀྱིས་ རྫོང་ཁག་ཚོགས་འདུ་ནང་ སྤ་རོ་ཁྲོམ་དེ་ ལྟ་བཤལཔ་ཚུ་འོང་སའི་ ས་གོ་གཙོ་ཅན་ཅིག་ཨིན་རུང་ ཚོད་བསྲེ་བཙོང་སའི་ ས་གོ་དེ་ ལེགས་ཤོམ་ཅིག་མེད་པའི་ཁར་ གཙང་སྦྲ་དང་ལྡནམ་སྦེ་མིན་འདུག་ཟེར་ཞུ་ནུག།

རྫོང་ཁག་གིས་ དུས་ཅི་ ཚོད་བསྲེ་བཙོང་སའི་ ས་ཁོངས་གསརཔ་ བཟོ་སྐྲུན་འབད་ནིའི་དོན་ལུ་ མ་དངུལ་ས་ཡ་༧.༥ བཞག་ཡོདཔ་ཨིན་པས།

རྫོང་བདག་གིས་འབད་བ་ཅིན་ མ་གཞི་ རྫོང་ཁག་གིས་ ཐོག་ཚད་གསུམ་འབད་མི་ སོ་ནམ་ཚོང་འབྲེལ་ཁང་ཅིག་ རྐྱབ་ནིའི་སྐོར་ལས་ གྲོས་བསྡུར་འབད་ཡོད་རུང་ འཆར་དངུལ་དེ་ འཆར་གཞི་༡༢ པའི་མ་དངུལ་ལས་ ལྷག་སོང་པའི་ཁར་ ད་ལྟོ་ཡོད་མི་ ས་ཁོངས་ནང་ ས་གོ་ལངམ་མིན་འདུག་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ སྒྲིང་ཁྱིམ་ཐོག་ཚད་གཉིས་འབད་མི་ སོ་ནམ་ཚོང་ཁང་རྐྱབ་ནི་གི་ འཆར་གཞི་བརྩམ་ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ བཟོ་སྐྲུན་ལུ་མཁོ་བའི་ འཆར་དངུལ་གྱི་ ལཱ་འབད་དོ་ཡོདཔ་ལས་ གྲ་སྒྲིག་འགྱོ་ཚརཝ་ད་ བཟོ་སྐྲུན་གྱི་ལཱ་དེ་ ཁག་འབགཔ་ལུ་སྤྲོད་འོང་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།

ད་ལྟོ་ཡོད་མི་ ཚོད་བསྲེ་བཙོང་ཁྲོམ་དེ་ གནས་སྐབས་ཅིག་ ཚོང་འདུས་ལུ་ རྫོང་ཁག་མདའ་རྩེད་ཐང་ནང་ སྤོ་བཤུད་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *