ཨ་ལོ་ཚུ་ རྩེདམོ་རྩེ་སྡོད་པའི་སྐབས་ གནས་སྐབས་ཀྱི་ སྡོད་ཁྱིམ་གཡས་གཡོན་གྱི་སྦུག་ལས་ སྣུམ་འཁོར་ཅིག་ ཤུགས་བཏང་སྟེ་ འགྱོ་བའི་བསྒང་།

སྣུམ་འཁོར་རྒྱུན་འགྲུལ་ལུ་བརྟེན་ ཏུར་སར་སྡོད་མི་ཚུ་ ཚ་གྱང་ལང་ཡོདཔ།

༉ ཕུན་ཚོགས་གླིང་ཏུར་སའི་ས་ཁོངས་ནང་ གནས་སྐབས་ཀྱི་ ཁྱིམ་ནང་སྡོད་མི་ ཨ་ལོའི་ཕམ་མང་ཤོས་ཅིག་ སྣུམ་འཁོར་ཐུག་རྐྱེན་འབྱུང་ནི་མས་ཟེར་ ཚ་གྱང་ལང་བཞིན་དུ་ ཡོདཔ་ཨིན་པས།

དེ་ཡང་ སྣུམ་འཁོར་རྒྱུན་འགྲུལ་བཀག་འཛིན་འབད་ནིའི་ ཐབས་ལམ་དེ་ གང་མགྱོགས་མ་བཏོན་པ་ཅིན་ སྣུམ་འཁོར་གྱིས་ ཨ་ལོ་ཚུ་ འཐུ་བཀོ་ནིའི་ ཉེན་ཁ་སྦོམ་སྦེ་ར་ཡོད་ཟེར་ ཁོང་གིས་བཤད་པའི་ཁར་ ད་ལྟོའི་ཉེན་ཁ་དེ་ གནས་སྐབས་ཀྱི་ སྡོད་ཁྱིམ་ས་ཁོངས་ཀ་པ་དང་ ཁ་པའི་ནང་སྡོད་མི་ཚུ་ལུ་ ཡོདཔ་ཨིན་པས།

མ་གཞི་ ས་ཁོངས་ག་ར་ ལྕགས་ཤོག་ཀྱི་ ར་བ་རྐྱབ་སྟེ་ ཐོན་འཛུལ་ས་གོ་༢ ཡོད་མི་ལས་༡ འཕྲལ་ཁམས་ཅིག་ཁར་ བསུབས་ཡོད་རུང་ དཀའ་ངལ་འདུག་ཟེར་ ས་གནས་ཀྱི་ མི་ཚུ་གིས་ བཤདཔ་ཨིན་པས།

སྐྱེས་ལོ་༣༠ ལང་མི་ ཆོས་སྐྱིད་དབང་མོ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ མོ་གི་ སྐྱེས་ལོ་༢ ལང་མི་བུམོ་ སྣུམ་འཁོར་ཅིག་གིས་ འཐུ་བཀོ་ནི་ར་ འབད་ཡི་ཟེར་ཨིནམ་ད་ ཨ་ལོ་ཚུ་ ཕྱི་ཁར་རྩེདམོ་རྩེ་ནི་ལུ་ དགའ་དོ་ཡོདཔ་ལས་ དམ་འཛིན་འབད་ནི་དེ་ ལཱ་ཁག་འདུག་ཟེར་ བཤདཔ་ཨིན་པས།

གནས་སྐབས་སྡོད་ཁྱིམ་གྱི་ ས་ཁོངས་ནང་ སྣུམ་འཁོར་ཚུ་ ཚད་ལས་བརྒལ་ཏེ་ ཤུགས་བཏངམ་མ་ཚད་ སྣུམ་འཁོར་༢ ཐུག་རྐྱེན་བྱུང་ས་ཡང་ མཐོང་ཅི་ཟེར་ ཆོས་སྐྱིད་དབང་མོ་གིས་ སླབ་ཨིན་པས།

མི་ཚུ་གིས་འབད་བ་ཅིན་ སྣུམ་འཁོར་རྒྱུན་འགྲུལ་ མང་ཤོས་ར་ ཕྱི་རུ་ཁམས་ཅིག་ཁར་ འབད་དོ་ཡོདཔ་མ་ཚད་ ཨ་ལོ་ཚུ་ཡང་ དེ་བསྒང་ ཕྱི་ཁར་རྩེདམོ་རྩེ་བར་ འགྱོ་དོ་ཡོདཔ་ལས་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

དམ་ཆོས་དཔལམོ་གིས་ སླབ་མིའི་ནང་ སྣུམ་འཁོར་ཚུ་གིས་ ཨ་ལོ་རྐྱངམ་གཅིག་མེན་པར་ མི་སྦོམ་ཚུ་ཡང་ འཐུ་བཀོ་ནིའི་ ཉེན་ཁ་ཡོདཔ་ལས་ འགྲོ་འགྲུལ་ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་པ་གིས་ ནམ་ཚུན་ཚོད་ རྒྱབ་སྐྱོར་འབདདེ་ སྡོད་ནི་སྨོ་ཟེར་ཨིན་པས།

སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་བཅུག་རུང་ ལ་ལོ་ཅིག་ ཐོན་འཛུལ་འབད་ས་ལས་ ལམ་འགྱོ་དགོཔ་ ལེ་ཤ་ཡོདཔ་ལས་ ཉེན་ཁ་དེ་ འོང་ནི་ཨིནམ་ད་ སྣུམ་འཁོར་ཚུ་ གློ་བུར་གྱི་ གནས་སྟངས་ནང་ རྒྱུན་འགྲུལ་འཐབ་ནི་དེ་ བྱ་ཐབས་མེདཔ་ཨིན་པས།

ཉེན་ཁ་ལུ་བརྟེན་ མི་ཚུ་གིས་ ཐོན་འཛུལ་མང་ཤོས་ཅིག་ རྡོ་སྤུངས་བཞག་སྟེ་ ལམ་བཀག་ཡོད་རུང་ དེད་གཡོགཔ་ལ་ལོ་ཅིག་གིས་ སྣུམ་འཁོར་ཚུ་ རྡོ་གུ་ལས་འཛེགས་ཏེ་ བདའ་འགྱོཝ་མས་ཟེར་ ས་གནས་ཀྱི་ ཨམ་སྲུ་ཅིག་གིས་ བཤདཔ་ཨིན་པས།

གནད་དོན་དེའི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ དྲུང་ཁག་དང་ ཁྲོམ་སྡེའི་འགོ་དཔོན་ཚུ་གི་བར་ན་ གྲོས་བསྟུན་འབད་ཡོདཔ་ད་ ས་གནས་ཀྱི་ མི་ཚུ་གིས་ ས་ཁོངས་དེ་ལས་ ཐོན་འཛུལ་འབད་སར་རྐྱངམ་གཅིག་ བཟོ་བ་ཅིན་ སྣུམ་འཁོར་འཛུལ་ནི་ མར་འབབ་འགྱོ་ནི་མས་ཟེར་ ཞུ་བ་འབད་ནུག།

རྟེན་འབྲེལ་བཟང་མོ་གིས་ སླབ་མིའི་ནང་ མི་ཚུ་གིས་ ཐོན་འཛུལ་ཅིག་ བཀག་ཆ་འབད་དེ་ བཞག་ཡོད་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ སྣུམ་འཁོར་བོ་ལི་རོ་༣ གྱི་ དེད་གཡོགཔ་ཚུ་གིས་ ཡིག་ཆ་མེད་པར་ སྣུམ་འཁོར་བདའ་འགྱོ་སར་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།

དེ་བསྒང་ ཨ་ལོ་ཚུ་ ཕྱི་ཁར་ཡོད་པ་ཅིན་ སྣུམ་འཁོར་ཚུ་གིས་ འཐུ་བཀོ་དཔ་འོང་ཟེར་ རྟེན་འབྲེལ་བཟང་མོ་གིས་ བཤདཔ་ཨིན་པས།

ལ་ལོ་ཅིག་གིས་ སྣུམ་འཁོར་ཐུག་རྐྱེན་རེ་ འབྱུང་པ་ཅིན་ སྣུམ་འཁོར་བདའ་ཟུན་ནིའི་དོན་ལས་ ཐོ་བཀོད་ལམ་ལུགས་ཅིག་ཡང་ བཙུགས་དགོཔ་སྦེ་ སླབ་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *