སྣུམ་འཁོར་བོ་ལི་རོ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ ནང་ བླམ་༡ ལུ་ཤི་རྐྱེན།

༉ འདས་པའི་བདུན་མཐའ་ལུ་ མོང་སྒར་ལུ་ སྣུམ་འཁོར་ཐུག་རྐྱེན་བྱུང་མི་ལུ་བརྟེན་ བླམ་༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཐུག་རྐྱེན་དེ་ཡང་ རྒྱལ་པོའི་ཞིང་ལས་ མོང་སྒར་ལུ་བལྟ་སྟེ་ ཀི་ལོ་མི་ཊར་༩ དེ་ཅིག་གི་ས་ཁར་ ས་གནས་ཁ་བླང་ཟི་ མ་ལྷོདཔ་ཅིག་ཁར་ ཉམས་རྒུདཔ་ཁོ་ར་གིས་བཏང་མི་ སྣུམ་འཁོར་བོ་ལི་རོ་དེ་ བྱག་གུ་ལས་མར་ མི་ཊར་༧༥ དེ་ཅིག་ རྦོབ་རིལ་འགྱོཝ་ད་ ཁ་འཐུམ་མར་བསད་འབད་བའི་ དོགས་པ་ཡོདཔ་ཨིན་པས།
ཉམས་རྒུད་པའི་ཕུངམ་དེ་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ དེ་ལས་ ཉམས་རྒུད་པའི་ཆོས་གྲོགས་ མོང་སྒར་རབ་སྡེ་གྲྭ་ཚང་གི་ བླམ་སློབ་དཔོན་ཚུ་དང་ བཟའ་ཚང་འཐུས་མི་ཚུ་གིས་ འཚོལ་བའི་སྐབས་ ཐུག་རྐྱེན་བྱུང་སྟེ་ ཞག་༢ ཀྱི་རྒྱབ་ལས་ འཚོལ་ཐོབ་ནུག།
ཉམས་རྒུདཔ་དེ་ མོང་སྒར་རབ་སྡེ་གྲྭ་ཚང་གི་ ཡན་ལག་ཨིན་མི་ སེང་སྒོར་ལྷ་ཁང་གི་ བླམ་ཨིནམ་བཞིན་དུ་ སྤྱི་ཟླ་༡༡ པའི་ཚེས་༣ གྱི་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༩ དེ་ཅིག་ལུ་ གླིང་མི་ཐང་ལས་ མོང་སྒར་ཁ་ཐུག་འོང་པའི་ལམ་ཁར་ གར་སོང་མེད་བྱང་ནུག།
མོང་སྒར་ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ སྐྱེས་ལོ་༤༠ ལང་མི་ ཚེ་འདས་བླམ་དེ་གིས་ གླིང་མི་ཐང་ལུ་ ངོ་ཤེས་མི་ཚུ་ལུ་ སྐྱིད་བདེ་མཁར་ལུ་ ཁོ་རའི་གཡུས་ཁར་འགྱོ་ནི་ཟེར་ སླབ་ནུག་ཟེར་ཨིནམ་ད་ སྤུན་ཆ་ཚུ་གིས་ འགྲུལ་འཕྲིན་བཏང་པའི་སྐབས་ ཉིནམ་དེ་གི་ནངས་པར་ ཉི་མའི་ཆུ་ཚོད་༣ ཚུན་ཚོད་ འགྲུལ་འཕྲིན་བདའ་ཟུན་རུང་ འཐུ་ནི་མིན་འདུག་ཟེར་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ སྤྱི་ཟླ་༡༡ པའི་ཚེས་༥ གི་ ཉིན་མའི་ཆུ་ཚོད་ཕྱེད་དང་༢ དེ་ཅིག་ཁར་ ས་ཁོངས་དེ་ནང་ལས་ འགྲུལ་འཕྲིན་ཀཝ་གི་ རྒྱུན་ལམ་དང་འཁྲིལ་ འཚོལ་ཐོབ་ཡོདཔ་ཨིན་པས།
ཐུག་རྐྱེན་བྱུང་བའི་སྐབས་ སྣུམ་འཁོར་ནང་ ཚེ་འདས་ཁོ་ར་རྐྱངམ་གཅིག་ཡོདཔ་ད་ ཐུག་རྐྱེན་གྱི་ གནད་དོན་དེ་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

བཀྲིས་སྒང་མཁའ་གླིང་ བྱི་རི་ལས་མི་སྤྱི་འོག་ནང་ ཟམ་༢ རྐྱབ་དགོཔ་ཡོདཔ།

༉ གནམ་བྱཱར་ཆར་ཆུ་འབོར་བའི་སྐབས་དང་ ལ་མཐོ་ས་ཆརཔ་རྐྱབ་ད་ བཀྲིས་སྒང་མཁའ་གླིང་རྒེད་འོག་ བྱི་རི་ལས་མི་སྤྱི་འོག་གི་མི་སེར་ཚུ་ ཨ་རྟག་ར་ ཚང་གྱང་ལང་དགོཔ་ཐོན་དོ་ཡོདཔ་ཨིན་པས། དེ་ཡང་ ས་གནས་ ལ་ལུང་གྲང་ཟེར་ས་ལུ་ གཏན་འཇགས་ཀྱི་ ཟམ་ཅིག་མེད་མི་ལུ་བརྟེན་ རོང་ཆུ་བྲེས་འོངམ་ད་ འགྲོ་འགྲུལ་འབད་མི་གི་ ཚེ་སྲོག་ལུ་གནོད་ཉེན་ཡོདཔ་མ་ཚད་ …

Leave a Reply

Your email address will not be published. Required fields are marked *