སྣུམ་འཁོར་ཐོབ་སྐལ་གྱི་ཚབ་ དངུལ་རྐྱང་བྱིན་ནིའི་གྲོས་འདེབས།

༉ དངུལ་ཕོགས་ལྷན་ཚོགས་ཀྱིས་ སྤྱི་གཡོགཔ་ཚུ་ལུ་ སྣུམ་འཁོར་ཐོབ་སྐལ་ཀྱི་ཚབ་ དངུལ་རྐྱང་སྦེ་ བྱིན་ནིའི་ གྲོས་འདེབས་བཀོད་ནུག།
དེ་ཡང་ དངུལ་ཕོགས་ལྷན་ཚོགས་༤ པ་གིས་ སྤྱི་ཟླ་༤ པའི་ཚེས་༥ ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་མི་ སྙན་ཞུ་ནང་ སྡེ་རིམ་པི་༣ ལས་ཡར་འབད་མི་ཚུ་ལུ་ རིན་གོང་དངུལ་ཀྲམ་༨༠༠,༠༠༠ ཚུན་གནས་པའི་ སྣུམ་འཁོར་ལོ་༧ གྱི་བར་ན་ ཅ་དམ་ཁྲལ་དང་ ཚོང་ཁྲལ་མ་ཕོགཔ་སྦེ་ ཉོ་ནིའི་དོན་ལུ་ ཐོབ་སྐལ་བྱིན་དོ་ཡོདཔ་མ་ཚད་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ཐད་ལུ་ གནས་ཡུན་རེ་ནང་ སྣུམ་འཁོར་སི་སི་༣,༠༠༠ ཚུན་ ཁྲལ་མ་ཕོགཔ་སྦེ་ ཉོ་ཆོག་པས་ཟེར་བཀོད་ནུག།
དངུལ་ཕོགས་ལྷན་ཚོགས་ཀྱིས་ ཐོབ་སྐལ་དེ་གིས་ ཞི་གཡོགཔ་ཚུ་ལུ་ ཕན་མ་ཐོགས་པའི་ཁར་ གཞུང་གི་འོང་འབབ་ལུ་ཡང་ ཐོ་སྦོམ་ཕོག་དོ་ཡོདཔ་ལས་ དངུལ་རྐྱང་སྦེ་ བྱིན་པ་ཅིན་ ཁྲལ་ཚུལ་ལྡན་སྦེ་ བསྡུ་ལེན་འབད་ཚུགསཔ་མ་ཚད་ ནང་འདྲེན་མར་ཕབ་དང་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་སེལ་ནི་ དེ་ལས་ མི་མང་སྐྱེལ་འདྲེན་ཞབས་ཏོག་ཚུ་ ལག་ལེན་འཐབ་ནི་ལུ་ ཕན་ཐབས་འབྱུང་འོང་ཟེར་ སྙན་ཞུ་ནང་བཀོད་ནུག།
ཞི་གཡོགཔ་དང་ སྤྱི་གཡོགཔ་ཚུ་ལུ་ རིན་གོང་དངུལ་ཀྲམ་ས་ཡ་༠.༨༠༠ ཚུན་གནས་མི་ སྣུམ་འཁོར་ཐོབ་སྐལ་གྱི་ཚབ་ དངུལ་ཀྲམ་ས་ཡ་༠.༢༥༠ རེ་ བྱིན་ནི་དང་ དེ་དང་ཅོག་འཐདཔ་སྦེ་ ད་ལྟོ་ཐོབ་སྲོལ་མེད་མི་ རྒཔོ་དང་ ཁྲོམ་དཔོན་ཚུ་ལུ་ཡང་ བྱིན་དགོ་པའི་ གྲོས་འདེབས་འབད་ནུག།
དེ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་དང་ བློན་པོ་ཚུ་གིས་གཙོས་པའི་ གོ་གནས་འདྲ་མཉམ་འཆང་མི་ཚུ་ལུ་ དངུལ་ཀྲམ་ས་ཡ་༡.༥ ཚུན་གནས་པའི་ སྣུམ་འཁོར་ཉོ་ནིའི་དོན་ལུ་ ཐོབ་སྐལ་དེ་ཡང་ དངུལ་རྐྱང་སྦེ་ ལེན་ཆོག་པའི་གདམཟཀ་ཁའི་ གྲོས་འདེབས་བཀོད་ནུག།

དེ་བཟུམ་སྦེ་ ད་ལྟོ་ རིན་གོང་དངུལ་ཀྲམ་༨༠༠,༠༠༠ ཚུན་གནས་པའི་ སྣུམ་འཁོར་གྱི་ ཐོབ་སྐལ་ཐོབ་མི་ གནས་ཡུན་དང་འཁྲིལ་ གོ་གནས་འཆང་མི་ དྲུང་ཆེན་དང་ མངོན་མཐོ་དང་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་དང་ རྩོད་དཔོན་ཡོངས་ཁྱབ་ཚུ་ལུ་ ཁྲལ་ཡངས་སྣུམ་འཁོར་སི་སི་༣,༠༠༠ ཚུན་འབད་མི་ སྣུམ་འཁོར་ཉོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡.༥ ཚུན་གྱི་ ཐོབ་སྐལ་བྱིན་དགོཔ་སྦེ་ཨིན་མས།
ལྷན་ཚོགས་ཀྱིས་ སྙན་ཞུ་ནང་ ད་ལྟོ་ཡོད་མི་ སྣུམ་འཁོར་ཐོབ་སྐལ་སྒྲིག་གཞི་༢༠༡༤ ཅན་མ་དང་འཁྲིལཝ་ད་ བཙོང་མ་ཆོགཔ་སྦེ་ཡོད་མི་ སྣུམ་འཁོར་ཐོབ་སྐལ་མང་ཤོས་ཅིག་ ཁྲོམ་ཁར་བཙོང་སར་ མཐོང་དོ་ཡོདཔ་ད་ དེ་ཡང་ ཐོབ་སྐལ་ཐོབ་མི་དེ་གིས་ སྣུམ་འཁོར་ཚུ་ ཧེ་མ་ལས་ར་ ཉོ་ཡོད་མི་དང་ ཡང་ཅིན་ གསརཔ་ཉོ་ནིའི་དོན་ལུ་ མ་དངུལ་ལངམ་མེད་ནི་དེ་གིས་ཨིན་མས་ཟེར་བཀོད་ནུག།
སྣུམ་འཁོར་གྱི་ ཐོབ་སྐལ་དེ་ སྤྱི་ལོ་༡༩༨༠ གྱ་གྲངས་ནང་ འགོ་བཙུགས་ཡོདཔ་ལས་ སྤྱི་ལོ་༢༠༡༨ ལུ་ ཐོབ་སྐལ་བསྡོམས་༡,༧༢༤ བྱིན་ཡོད་མི་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་མི་ལུ་བརྟེན་ གཞུང་གི་འོང་འབབ་ དངུལ་ཀྲམ་ས་ཡ་༦༢༠.༢ དེ་ཅིག་ གྱོང་རྒུད་ཕོག་ནུག་ཟེར་ཨིནམ་ད་ དངུལ་རྐྱང་སྦེ་ བྱིན་མི་དེ་གིས་ གཞུང་གི་འོང་འབབ་ལུ་ ཁེ་ཕན་སྦོམ་ཡོད་མི་དེ་ཡང་ འདས་པའི་ལོ་ནང་ ཐོབ་སྐལ་༡,༧༢༤ བྱིན་མི་ལུ་ ཆ་བཞག་པ་ཅིན་ ཐོབ་སྐལ་རེ་ལུ་ དངུལ་ཀྲམ་༢༥༠,༠༠༠ རེ་རྩིས་རྐྱབ་ད་ དངུལ་ཀྲམ་ས་ཡ་༤༣༠ དེ་ཅིག་ ཐོན་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྣུམ་འཁོར་ཡོངས་བསྡོམས་ལས་ བརྒྱ་ཆ་༧༠ དེ་ཅིག་ ནང་འདྲེན་འབད་ཡོད་པའི་གྲངས་སུ་བཞག་རུང་ ཁྲལ་ཉུང་ཤོས་ དངུལ་ཀྲམ་ས་ཡ་༥༢༡ དེ་ཅིག་ བསྡུ་ལེན་འབད་ནི་ཨིནམ་ལས་ དེ་གིས་ དངུལ་རྐྱང་སྦེ་སྤྲོད་མི་ ཐོབ་སྐལ་གྱི་ འཐུས་ལས་ལྷག་སྟེ་ ཐོབ་ཚུགས་པའི་ཁར་ ཐོབ་སྐལ་སྣུམ་འཁོར་རེ་ལས་ ཁེ་ཕན་དངུལ་ཀྲམ་༡༡༠,༠༠༠ རེ་དང་ སྣུམ་འཁོར་ཐོབ་སྐལ་༡,༧༢༤ ལས་ དངུལ་ཀྲམ་ས་ཡ་༡༨༩.༦ དེ་ཅིག་ འོང་འབབ་འཐོབ་ཚུགས་པའི་ ཚོད་རྩིས་བཏོན་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

བི་ཨི་ཨོ་ལསསྡེའི་ ཇོ་བདག་༢ འཛིན་བཟུང་།

༉ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནིའི་ ལས་རིམ་ཐོག་ལས་ འབྲུག་པའི་ན་གཞོན་ཚུ་ ཇ་པཱན་ལུ་ བཏང་མིའི་ནང་ ཡིག་ཆ་རྫུས་བཟོའི་ དོགས་པ་ལུ་བརྟེན་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ བི་ཨི་ཨོ་ཟེར་མི་ ཕྱི་རྒྱལ་ལཱ་གཡོག་ལས་སྡེའི་ཇོ་བདག་ བསྟན་འཛིན་རིག་ལྡན་དང་ འགྱུར་མེད་ཚེ་དབང་དེ་ སྤྱི་ཟླ་༧ …

Leave a Reply

Your email address will not be published. Required fields are marked *