ཁ་ཙ་ཕྱི་རུ་ རྡོ་འབག་མི་ སྣུམ་འཁོར་ཌམ་པར་ཊཱག་ཅིག་ ཕུན་ཚོགས་གླིང་ལས་ ས་མཚམས་ཕྱི་ཁར་འགྱོ་བའི་བསྒང་།

སྣུམ་འཁོར་ཊཱག་ཚུ་ལུ་ དོ་ཚད་ལས་བརྒལ་ འབག་བཅུག་ཡོདཔ།

ཨིན་རུང་ དོ་ཆོག་ཚད་ལས་བརྒལ་ འབག་ཆོག་པའི་སྐོར་ གཞུང་འབྲེལ་ཐོག་ལས་ བཀའ་རྒྱ་དང་ ཁྱབ་བསྒྲགས་ག་ནི་ཡང་ མེདཔ་ཨིན་པས།
༉ གཙང་ཆུའི་རྡོ་ཕྱིར་ཚོང་འཐབ་ནི་དེ་ བདུན་ཕྲག་གསུམ་ལྷགཔ་ཅིག་གི་རིང་ ཐོགས་ལུས་པའི་ཤུལ་ལས་ རྡོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ ཕུན་ཚོགས་གླིང་ལས་ ཧེ་མ་བཟུམ་སྦེ་ར་ དོ་ཚད་ལས་བརྒལ་ཏེ་ འབག་བཅུག་མི་དང་བསྟུན་ རྡོའི་ཕྱིར་ཚོང་ ལོག་འགོ་བཙུགས་ནུག།
ད་ཚུན་གྱི་བར་ན་ ཕུན་ཚོགས་གླིང་ལས་ བང་ལ་དེཤ་ལུ་ རྡོ་བཙོང་མ་ཚུགས་པར་ ལུས་མི་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༤ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ བཅའ་ཁྲིམས་༡༩༩༩ ཅན་མ་དང་འཁྲིལ་ དོ་ཚད་ལས་བརྒལ་ཏེ་འབག་མི་ སྣུམ་འཁོར་ཊཱག་ཚུ་ རྒྱུན་འབྲེལ་འཐབ་ནི་ལས་ བཀག་དགོཔ་སྦེ་ ཡི་གུ་བཏང་ནི་དེ་གིས་ཨིན་པས།
ཁ་ཙ་དང་ སྤྱི་ཟླ་༦ པའི་ཚེས་༡༠ གྱི་ཕྱི་རུ་ ཕུན་ཚོགས་གླིང་ས་མཚམས་སྒོ་ར་ལས་ ཊཱག་མང་རབས་ཅིག་ སོང་ཡོདཔ་ཨིན་པས།
ཁ་ཙ་ རྡོ་མེ་ཊིག་ཊཱན་༤༠ ལྷགཔ་ཅིག་ བཀལ་ཡོད་མི་ ཊཱག་འཁོར་ལོ་༡༠ འབད་མི་དེ་ ཊཱག་བཞག་སའི་ ཉེ་འདབས་ལུ་ ལྗིད་ཟམ་ཡོད་སར་ ལྗིད་ཚད་ཀྱི་ ཤོག་འཛིན་ལེན་པར་ འོང་ཡོདཔ་ད་ དེད་གཡོགཔ་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ སྔར་ག་ཨིནམ་སྦེ་ རྡོ་སྐྱེལ་འདྲེན་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ བསམ་རྩེ་ལུ་ཡང་ དོ་ཚད་ལས་བརྒལ་ཏེ་ འབག་བཅུག་སྟེ་འདུག་ཟེར་ཨིན་པས།
ཨིན་རུང་ དོ་ཆོག་ཚད་ལས་བརྒལ་ འབག་ཆོག་པའི་སྐོར་ གཞུང་འབྲེལ་ཐོག་ལས་ བཀའ་རྒྱ་དང་ ཁྱབ་བསྒྲགས་ཚུ་ འབྲེལ་ཡོད་ཡིག་ཚང་ཚུ་ནང་ ལྷོད་ཡོད་པའི་ ལོ་རྒྱུས་མེདཔ་ལས་ ངེས་བདེན་ཨིན་མེན་ ཤེས་རྟོགས་བྱུང་མ་ཚུགས་པས།
ཕུན་ཚོགས་གླིང་ལུ་ སྐྱེལ་འདྲེན་པ་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ ལོག་སྟེ་ར་ དོ་ཚད་ལས་བརྒལ་ འབག་ཆོགཔ་ བཟོ་མི་དང་བསྟུན་ སྐྱེལ་འདྲེན་འགོ་བཙུགས་ཡོདཔ་མ་ཚད་ གཞུང་གི་གྲོས་ཆོད་ལུ་བལྟ་སྟེ་ སྐྱེལ་འདྲེན་པ་ཚུ་ སེམས་དགའ་སྟེ་ཡོད་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྣུམ་འཁོར་ཊཱག་ཚུ་གི་ དོ་ཚད་དམ་དམ་ ལྟ་རྟོག་འབད་དགོཔ་སྦེ་ སླབ་པའི་ཤུལ་ལས་ རྡོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཆེ་བ་བརྒྱ་ཕྲག་ལས་བཅད་དེ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།
ཊཱག་དེ་ཚུ་ལུ་ བྱ་སྟབས་མ་བདེཝ་བྱུང་མི་དེ་ སེལ་ཐབས་ལུ་ གཞུང་གིས་ རྒྱ་གར་ལུ་ དོ་འབག་ཆོག་པའི་ ཚད་གཞི་ཡར་སེང་འབད་མི་ལུ་ གཞི་བཞག་སྟེ་ དོ་ཚད་ཡར་སེང་འབད་ཡོད་རུང་ ཕྱིར་ཚོང་འཐབ་མི་དང་ སྐྱེལ་འདྲེན་པ་ཚུ་གིས་འབད་བ་ཅིན་ དོ་འབག་ཆོག་པའི་ ཚད་གཞི་ཡར་སེང་འབད་མི་གིས་ ཁྱད་པར་ག་ནི་ཡང་ བཟོ་མ་ཚུགས་ཟེར་ཨིན་པས།
དོ་ཚད་ལྟ་རྟོག་མ་འབད་བའི་ཧེ་མར་ འཁོར་ལོ་༡༠ འབད་མི་ ཊཱག་ཅིག་གིས་ སྣུམ་འཁོར་དེ་གི་ ལྗིད་ཚད་མ་བརྩིས་བར་ རྡོ་མེ་ཊིག་ཊཱན་༢༥-༤༠ གི་བར་ན་ འབག་ནི་ཡོདཔ་ད་ གཞུང་གིས་ དོ་ཚད་མེ་ཊིག་ཊཱན་༢༨ འབག་ཆོགཔ་བཟོ་མི་དེ་ འོས་ཁུངས་མི་མཐོངམ་མས་ཟེར་ ཕྱིར་ཚོང་འཐབ་མི་དང་ སྐྱེལ་འདྲེན་པ་ཚུ་གིས་ བཤདཔ་ཨིན་པས།
ད་ལྟོ་ འཁོར་ལོ་༡༠ འབད་མི་ ཌམ་པར་ཊཱག་རེ་གིས་ ཕཱུལ་བ་རི་ཚུན་ རྡོ་སྐྱེལ་འདྲེན་འབད་བའི་གླ་ཆ་ མེ་ཊིག་ཊཱན་རེ་ལུ་ དངུལ་ཀྲམ་༨༠༠-༩༠༠ གི་བར་ན་ ལེན་དོ་ཡོདཔ་ད་ རྡོ་ཚུ་ ཕཱུལ་བ་རི་ལས་ བང་ལ་བཱན་ད་ཚུན་ སྣུམ་འཁོར་གཞན་ནང་ སྐྱེལ་འདྲེན་འབདཝ་ཨིན་པས།
ཊཱག་འཁོར་ལོ་༡༠ འབད་མི་ལུ་ ལྗིད་ཚད་མེ་ཊིག་ཊཱན་༡༡ དེ་ཅིག་ཡོདཔ་ལས་ དོ་ཚད་མེ་ཊིག་ཊཱན་༢༨ ལས་བརྒལ་ འབག་མ་ཆོགཔ་ བཟོ་མི་དང་བསྟུན་ རྡོ་གི་ལྗིད་ཚད་ངོ་མ་དེ་ མེ་ཊིག་ཊཱན་༡༧ མ་གཏོགས་ མི་འཐོན་ནི་མས་ཟེར་ སྐྱེལ་འདྲེན་པ་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *