སྣུམ་འཁོར་གྱི་ སྐྱིན་འགྲུལ་ལེན་མི་ མང་ཤོས་ཅིག་གིས་ སྐྱིན་ཚབ་བཏབ་མ་ཚུགས་པའི་དཀའ་ངལ།

༉ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་ཊཱག་གི་ ཇོ་བདག་ཚུ་ སྐྱིན་ཚབ་ལོག་བཏབ་མ་ཚུགས་པའི་ གྱངས་ཁ་དེ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
དེ་ཡང་ དངུལ་འབྲེལ་ཁང་སོ་སོའི་ནང་ སྐྱིན་ཚབ་ལོག་སྤྲོད་མ་ཚུགས་མི་༡༠༠ ལྷགཔ་ཅིག་ལུ་ ལྷོད་དེ་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ སྐྱིན་ཚབ་སྤྲོད་མ་ཚུགས་མི་ཚུ་ཡང་ མང་ཤོས་ར་ ཕུན་ཚོགས་གླིང་གི་ས་གནས་ ཏུར་ས་གཙང་ཆུའི་ མཐའ་མ་ལས་  རྡོ་ཕྱིར་ཚོང་འཐབ་མི་ཚུ་ཨིནམ་བཞིན་དུ་ རྡོ་གི་ཚོང་འབྲེལ་དེ་ ས་མཚམས་ཀྱི་ཕྱི་ཁར་ཚོང་འབྲེལ་གྱི་ གོ་སྐབས་ཡོད་མི་ལུ་བརྟེན་ འགོ་བཙུགས་ཡོདཔ་ཨིན་པས།
རྡོ་ཚུ་ གཙང་ཆུའི་གཤམ་ལས་ བཏོན་ནི་དང་ ཕྱིར་ཚོང་འཐབ་ནི་དེ་ བསམ་རྩེ་དང་ དགེ་ལེགས་ཕུག་ལུ་ཡང་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ལུ་ རྡོ་འབག་མི་ ཊཱག་༡,༠༠༠ ལྷགཔ་ཅིག་གིས་ རྡོ་སྐྱེལ་འདྲེན་འབད་ནིའི་ གོ་སྐབས་ཐོབ་ཡོདཔ་ད་ ལ་ལོ་ཅིག་གིས་ སླབ་མིའི་ནང་ ད་རེས་ རྡོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་༡,༩༠༠ ལྷགཔ་ཅིག་ཡོད་ཟེར་ཨིན་པས།
ཚོང་འབྲེལ་ལུ་ ཐོ་ཕོག་ཡོདཔ།
རྡོ་ཕྱིར་ཚོང་འཐབ་མི་ཚུ་གིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༥ པའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྐྱེལ་འདྲེན་གྱི་དོ་ཚད་ ཚད་གཞི་ལས་བརྒལ་ཏེ་ འབག་མ་ཆོགཔ་ བཟོ་མི་དང་ རྒྱ་གར་གྱི་ས་གནས་ ཕཱུལ་བ་རི་ལས་ རྡོ་སྐྱེལ་འདྲེན་འབད་མ་བཅུག་པར་ ཟླཝ་༡ དེ་ཅིག་ བཀག་བཞག་པའི་ཤུལ་ལས་ སྐྱིན་ཚབ་བཏབ་མ་ཚུགས་ཟེར་ཨིན་པས།
རྒྱ་གར་དང་ བང་ལ་དེཤ་གི་ས་མཚམས་ ཕཱུལ་བ་རི་ལུ་སྡོད་མི་ ས་གནས་ཀྱི་ མི་ཚུ་གིས་ བང་ལ་དེཤ་གི་ འཛུལ་སྒོ་ལས་ དོ་ཚད་ལས་བརྒལ་འབག་མི་ འབྲུག་གི་ཊཱག་ཚུ་ བཀག་ཆ་འབད་དོ་ཡོདཔ་ཨིན་པས།
ཊཱག་ཚུ་གིས་ དོ་མེ་ཊིག་ཊཱན་༤༠ ལས་༥༠ གི་བར་ན་ འབག་འགྱོཝ་ད་ ཁེ་སང་ཐོབ་དོ་ཡོདཔ་ཨིན་རུང་ ཊཱག་རེ་གིས་ དོ་འབག་ནིའི་ཆོག་ཚད་དེ་ མེ་ཊིག་ཊཱན་༡༨ ཨིན་པས།
དེད་གཡོགཔ་ཚུ་གིས་ ཐབས་ཤེས་མ་འདྲཝ་བཏོན་ཐོག་ལས་ དཀའ་ངལ་སེལ་ནི་གི་ རྩིས་རྐྱབ་རུང་ ཕཱུལ་བ་རི་གི་ དབང་འཛིན་དང་ མི་ཚུ་གིས་ བཀག་ཆ་འབད་དོ་ཡོདཔ་ཨིན་པས།
གནས་ཚུལ་བྱིན་མི་ཚུ་གིས་ སླབ་མིའི་ནང་ དེད་གཡོགཔ་ལ་ལོ་ཅིག་ བདུན་ཕྲག་ལས་བཅད་དེ་ ས་གནས་ནང་ བཀག་བཞག་ཡོདཔ་མ་ཚད་ འཐུས་ཚུ་ཡང་ ལེ་ཤ་ལེན་མི་ལུ་བརྟེན་ སྐྱིན་ཚབ་བཏབ་ནི་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།
ཊཱག་གི་ རྡོ་ཤོང་ཚད་དང་འཁྲིལ་ རིན་གོང་དེ་ཡང་ དངུལ་ཀྲམ་ས་ཡ་༢.༧ ལས་ དངུལ་ཀྲམ་ས་ཡ་༣.༨ གི་བར་ན་ ཐོབ་དོ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་འབྱུང་མའི་ནང་ དངུལ་ཁང་གཅིག་གིས་ར་ སྤྱི་ལོ་༢༠༡༨ ལུ་ སྐྱེལ་འདྲེན་གྱི་སྐྱིན་འགྲུལ་ དངུལ་ཀྲམ་ཐེར་འབུམ་༡.༢༤ བྱིན་ཡོདཔ་ད་ དུས་ཅི་ དངུལ་ཀྲམ་ས་ཡ་༤༢༧ ལུ་ མར་ཕབ་སོང་ཡོདཔ་ཨིན་པས།
ཟད་འགྲོའི་དཀའ་ངལ།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ སྐྱེལ་འདྲེན་དང་འབྲེལ་བའི་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༦.༧༤ བྱིན་མི་དེ་ཡང་ བརྒྱ་ཆ་༥ གི་རྩིས་ཨིན་པས།
སྤྱི་ལོ་༢༠༡༥ ལས་༢༠༡༨ ཚུན་ སྣུམ་འཁོར་གྱི་ སྐྱིན་འགྲུལ་དང་ སྐྱིན་འགྲུལ་གཞན་ཡར་སེང་སོང་ཡོདཔ་ད་ སྐྱེལ་འདྲེན་དང་འབྲེལ་བའི་ སྐྱིན་འགྲུལ་བརྒྱ་ཆ་༢༨ ཡར་སེང་དང་ སྐྱིན་འགྲུལ་གཞན་ཚུ་ བརྒྱ་ཆ་༤༦ ཡར་སེང་སོང་ནུག།
ཕུན་ཚོགས་གླིང་ལུ་ དངུལ་ཁང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྐྱིན་ཚབ་སྤྲོད་མ་བཏུབ་མི་ ཇོ་བདག་དག་པ་ཅིག་གི་ འཕྲུལ་ཆས་ཚུ་ འཕྱོག་བཟུང་འབད་ཡི་ཟེར་ཨིནམ་ད་ ཚོང་འབྲེལ་འཐབ་མི་ཚུ་གིས་ ད་རེས་ནངས་པར་ ཚོང་འབྲེལ་དེ་ཅིག་ར་མེདཔ་སྦེ་ སླབ་ནི་འདུག་ཟེར་ བཤདཔ་ཨིན་པས།
དངུལ་ཁང་ཅིག་གི་ འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་གྱི་ སྐྱིན་འགྲུལ་འབོར་ཆེ་ཏོག་ཏོ་སྦེ་ བྱིན་བྱིནམ་མེད་ཟེར་ཨིནམ་ད་ དེ་ཡང་ སྐྱིན་ཚབ་སྤྲོད་མ་བཏུབ་མི་ལུ་བརྟེན་ སྐྱིན་འགྲུལ་བྱིན་ནི་དེ་ ག་དེ་དྲག་དྲག་ འཛེམ་ཐབས་འབད་དོ་ཟེར་ཨིན་པས།
ད་རེས་ ཕུན་ཚོགས་གླིང་ལས་ རྡོ་ཕྱིར་ཚོང་འཐབ་ད་ ཊཱག་ཚུ་གིས་ དོ་འབག་ནིའི་ ཚད་གཞི་དེ་ དམ་དམ་སྦེ་ བསྟར་སྤྱོད་འབད་བའི་ཤུལ་ལུ་ ཚོང་འབྲེལ་དེ་ བརྒྱ་ཆ་༥༠ མར་བབས་སོང་ཡོདཔ་ཨིན་པས།
བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ སྤྱི་ཟླ་༡༡ པའི་ཚེས་༢༩ ལུ་ གནས་ཚུལ་ཞལ་འཛོམས་ནང་ གསུངས་མིའི་ནང་ གཞུང་གི་ཧོངས་ལས་ ཏུར་ས་གཙང་ཆུའི་མཐའ་མ་ལས་ རྡོ་བཏོན་ནིའི་ལཱ་ཚུ་ བཀག་ཆ་འབད་ཡོདཔ་མ་གཏོགས་ ལཱ་གཞན་ཚུ་ བཀག་ཆ་འབད་འབདཝ་མེད་ཟེར་ཨིན་པས།
ཏུར་ས་ལས་ རྡོ་ཕྱིར་བཏོན་འབད་ནིའི་ལཱ་དེ་ སྤྱི་ཟླ་༡༠ པའི་ཚེས་༢༥ ལས་ མཚམས་འཇོག་འབད་ཡོད་མི་དེ་ཡང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ ཕུན་ཚོགས་གླིང་ཁྲོམ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ གཙང་ཆུ་ལས་ཐོན་མི་ རྡོ་དང་རྒྱུ་ཆས་གཞན་ཚུ་ དགོཔ་ཡོད་པའི་ ཚ་གྱང་ཡོད་ལུགས་ བཤད་པའི་ཤུལ་ལས་ གཞུང་གིས་ མཚམས་འཇོག་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
ཆུའི་གཤམ་ལས་ རྡོ་བཏོན་མི་ རིག་གསར་དང་ ཆུ་ཁ་བཟོ་སྐྲུན་ལས་སྡེ་ དེ་ལས་ གཡང་འཁྱིལ་ལས་སྡེ་གསུམ་གྱིས་ ཕུན་ཚོགས་གླིང་ཁྲོམ་གོང་འཕེལ་ལས་འགུལ་ནང་ དགོས་མཁོ་མེད་པའི་ རྡོ་ཆུང་ཀུ་ཚུ་ ཕྱིར་ཚོང་འཐབ་ཆོག་པའི་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཕུན་ཚོགས་གླིང་ཁྲོམ་གོང་འཕེལ་གྱི་དོན་ལུ་ རྡོ་ཆུང་ཁུ་ཚུ་དགོཔ་ཡོད་མེད་སྐོར་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལས་འཛིན་ལུ་ ཡི་གུ་བྲིས་ཡོདཔ་མ་ཚད་ སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ཡང་ བསམ་འཆར་དང་ ལམ་སྟོན་ལེན་ནིའི་དོན་ལུ་ ཡི་གུ་བྲིས་ཡོདཔ་ཨིན་པས།
གཙང་ཆུའི་གཤམ་ལས་ རྡོ་བཏོན་མི་ ཁག་འབགཔ་ཚུ་གིས་ སླབ་མིའི་ནང་ ཚོང་འབྲེལ་གྱི་ གོ་སྐབས་ལུ་བལྟ་སྟེ་ རྡོ་སྐྱེལ་འདྲེན་ནང་ མ་རྩ་བཙུགས་ཡོད་རུང་ གཞུང་གིས་ རྡོ་ཕྱིར་ཚོང་མཚམས་འཇོག་འབད་བའི་ཤུལ་ལུ་ སྐྱིན་ཚབ་སྤྲོད་ནིའི་ལུ་ འཐུས་ཤོར་བྱུང་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་འབད་རུང་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནས་སྟངས་ཧ་གོ་དགོ་པའི་སྐོར་ལས་ དངུལ་ཁང་ཚུ་ལུ་ཡང་ བཀའ་སློབ་བྱིན་དགོཔ་འདུག་ཟེར་ ཇོ་བདག་ཅིག་གིས་ བཤད་པའི་ཁར་ སྐྱིན་ཚབ་བཏབ་མ་ཚུགས་པའི་ དཀའ་ངལ་དེ་ ཕྱིར་ཚོང་འཐབ་བཅུག་པ་ཅིན་ སེལ་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *