སྣུམ་འཁོར་གྱི་གོང་ཚད་ ཡར་སེང་མར་བབས།

༉ རྒྱ་གར་གྱི་ ཅ་དངོས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ རྒྱ་གར་ལས་ ནང་འདྲེན་འབད་མི་ སྣུམ་འཁོར་ལ་ལོ་ཅིག་ གོང་ཚད་ལེ་ཤ་གིས་ མར་བབས་སོང་ཡོདཔ་ཨིན་རུང་ ཕྱིའི་རྒྱལ་ཁབ་ལས་ ནང་འདྲེན་འབད་མི་ རིན་གོང་ཆེ་བའི་ སྣུམ་འཁོར་ཚུ་གི་ གོང་ཚད་དེ་ ལེ་ཤ་གིས་ ཡར་སེང་སོང་ནུག།
ཅ་དངོས་དང་ཞབས་ཏོག་ཁྲལ་དང་འཁྲིལ་བ་ཅིན་ སྣུམ་འཁོར་ཆུང་བ་དང་ བར་མའི་གོང་ཚད་ཚུ་ དངུལ་ཀྲམ་༡༣,༠༠༠ དང་༣༢,༠༠༠ གི་བར་ན་ མར་བབས་སོང་ཡོདཔ་ད་ དེ་ཡང་ ཨའི་ཊོ་ཡེན་ཊི་དང་ ཨི་འོན་ ཨའི་ཏེན་ དེ་ལས་ ཨཱལ་ཊོ་ཀཱར་ཚུ་ཨིན་པས།
དེ་ལས་ གནས་རིམ་བར་མིའི་ སྣུམ་འཁོར་ཚུ་འབད་བ་ཅིན་ མཐོ་ཤོས་ སྣུམ་འཁོར་ཀེ་རེ་ཊ་ལུ་ དངུལ་ཀྲམ་༩༩,༧༠༠ དེ་ཅིག་ མར་བབས་སོང་ཡོདཔ་ད་ དེའི་གྲས་ཁར་ སྣུམ་འཁོར་བོ་ལི་རོ་དང་ ཀེ་ཡུ་ཝི་ཕོར་ བ་ལི་ནོ་ལ་སོགས་པ་ཚུ་ ཚུད་དོ་ཡོདཔ་ད་ ཁོང་གི་དོན་ལུ་ དངུལ་ཀྲམ་༣༢,༠༠༠ འོག་རྒྱུ་ མར་བབས་སོང་ནུག།
ཉུང་ཤོས་དེ་ར་ གེ་རེན་ཨའི་ཊེན་གྱི་དོན་ལུ་ དངུལ་ཀྲམ་༤,༦༩༠ དང་ ཨི་འོན་ལུ་ དངུལ་ཀྲམ་༧,༠༤༠ དེ་ཅིག་ བབས་ཡོདཔ་ད་ བསྟན་རྒྱས་ལྷན་ཁག་གིས་ གསང་བའི་ཐོག་ལས་ སྙན་ཞུ་བྱིན་མི་ འགོ་དཔོན་གྱིས་འབད་བ་ཅིན་ གོང་ཚད་དེ་ཚུ་ རྒྱ་གར་གྱི་ སྣུམ་འཁོར་བཀྲམ་སྤེལ་ཁང་དང་ རྒྱལ་ཁབ་ནང་ སྣུམ་འཁོར་བཙོང་མི་ ངོ་ཚབ་ལས་སྡེ་ཚུ་ལས་ ལེན་ཡི་ཟེར་ཨིན་པས།
དེ་ཡང་ སྣུམ་འཁོར་ཉོ་ཚུགས་མི་ཚུ་གིས་ ད་ལྟོའི་བར་ན་ཡང་ ཉོ་བཞིན་དུ་ཡོདཔ་ལས་ ད་རེས་ རྒྱལ་ཁབ་ནང་ སྣུམ་འཁོར་གྱི་གྱངས་ཁ་ བསྡོམས་༩༠,༠༠༠ དེ་ཅིག་ཡོད་ས་ལས་ མཐོ་ཤོས་ ཐིམ་ཕུག་ལུང་ཕྱོགས་ནང་ སྣུམ་འཁོར་༤༦,༠༠༠ ལྷགཔ་ཅིག་དང་ ཕུན་ཚོགས་ལུང་ཕྱོགས་ནང་༣༡,༠༠༠ ལྷགཔ་ཅིག་ དགེ་ལེགས་ཕུག་ ལུང་ཕྱོགས་ནང་༥,༣༠༠ ལྷགཔ་ཅིག་ བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ནང་༤,༨༠༠ དེ་ལས་ མོང་སྒར་ལུང་ཕྱོགས་ནང་ སྣུམ་འཁོར་༡,༢༠༠ ཡོདཔ་ཨིན་པས།
ཅ་དངོས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ ཕྱིའི་རྒྱལ་ཁབ་ལས་ ནང་འདྲེན་འབད་མི་ སྣུམ་འཁོར་ཆེ་བའི་རིགས་ཚུ་འབད་བ་ཅིན་ གོང་ཚད་དེ་ དངུལ་ཀྲམ་༤༠༠,༠༠༠ དང་༦༠༠,༠༠༠ གི་བར་ན་ འཛེགས་ཡོདཔ་ད་ དེ་ཡང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོང་འཛེགས་མི་དེ་ སྣུམ་འཁོར་བཏོན་ས་དང་ བཙོང་སའི་ས་གོ་ བསྒྱུར་བཅོས་འགྱོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་ཡང་ སྣུམ་འཁོར་ ལེནཌི་ཀུ་ཛར་ཚུ་ལུ་ གོང་ཚད་དངུལ་ཀྲམ་༦༤༣,༣༢༥ ཡར་སེང་སོང་ཡོདཔ་ད་ དེ་བཟུམ་སྦེ་ པཱར་ཌོ་ཚུ་ལུ་འབད་བ་ཅིན་ དངུལ་ཀྲམ་༤༠༠,༧༥༢ ཡར་སེང་སོང་ཡོདཔ་ལས་ ཧེ་མ་དང་ ད་རེས་ཀྱི་གོང་ཚད་ལུ་ ཁྱད་པར་སྦོམ་སྦེ་ར་ ཆགས་ཡོདཔ་ཨིན་པས།
གཟིམ་སྒྲ་སྣུམ་འཁོར་ཚོང་ལས་ངོ་ཚབ་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཅ་དངོས་དང་ཞབས་ཏོག་ཁྲལ་ལུ་བརྟེན་ སྣུམ་འཁོར་ཚུ་གི་ གོང་ཚད་བབས་ཡོད་རུང་ སྣུམ་འཁོར་མཁོ་མངགས་འབད་མིའི་ཐད་ཁར་ ཨ་རྟག་ག་ཨིནམ་སྦེ་ར་ ཡོད་ཟེར་ཨིནམ་ད་ དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྣུམ་འཁོར་གྱི་ སྐྱིན་འགྲུལ་ བརྒྱ་ཆ་༣༠ ལས་ བྱིན་མ་ཆོག་སྦེ་བཟོ་མི་ལུ་བརྟེན་ མང་ཤོས་ཅིག་གིས་ སྐྱིན་འགྲུལ་གྱི་ཞབས་ཏོག་ ལེགས་ཤོམ་མེད་པ་ཅིན་ སྣུམ་འཁོར་ཉོ་ཚུགས་མི་ མིན་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ སྣུམ་འཁོར་གྱི་དོན་ལུ་ སྣུམ་འཁོར་གྱི་གོང་ཚད་ལས་ སྐྱིན་འགྲུལ་བརྒྱ་ཆ་༦༠ དང་༧༠ ཐོབ་ནི་ཡོད་མི་དེ་ ད་ལས་ཕར་ བརྒྱ་ཆ་༣༠ ལུ་ མར་ཕབ་འབད་ཡོདཔ་ད་ དེ་ཡང་ སྣུམ་འཁོར་བཀག་འཛིན་འབད་ནིའི་དོན་ལུ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས། རང་ཟླ་༡༠ …

Leave a Reply

Your email address will not be published. Required fields are marked *