འབྲུག་སླར་འབྱུང་གློག་མེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིན་འཛིན་གྱིས་ ལྕགས་དུང་ནང་ཤབས་བཙུགས་ནི་དང་ ཆུ་དུང་གོ་རིམ་༢ མཐུད་ནིའི་ འགོ་འབྱེད་འབད་བའི་བསྒང་།

སྟངས་སི་སྦྱིས་གློག་མེ་འགུལ་གྱིས་ ལྕགས་དུང་ནང་ཤབས་བཙུགས་ནི་དང་ ཆུ་དུང་གོ་རིམ་༢ མཐུད་ཡོདཔ།

༉ གློག་ཤུགས་མེ་ག་ཝཱཊ་༡༡༨ འབད་མི་ ཀྲོང་གསར་སྟངས་སི་སྦྱིས་གློག་མེ་འགུལ་གྱིས་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ ཆུ་དུང་ནང་ ལྕགས་དུང་ནང་ཤབས་བཙུགས་ནི་དང་ ཆུ་དུང་གོ་རིམ་༢ མཐུད་སྦྲེལ་འབད་ཡི།
དེ་ཡང་ ཨེ་ཌིཊ་༢ པ་དང་༣ པའི་ ཆུ་དུང་མཐུད་ནི་དང་ སཱཇི་ཤཕ་ལས་ གློག་མེ་འཕྲུལ་ཁང་ཚུན་གྱི་ ཆུ་དུང་ནང་ ལྕགས་དུང་ནང་ཤབ་བཙུགས་ནིའི་ རྟེན་འབྲེལ་དེ་ འབྲུག་སླར་འབྱུང་གློག་མེ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིན་འཛིན་གྱི་ འགོ་འབྱེད་འབད་ཡི།
ཆུ་དུང་གོ་རིམ་༢ མཐུད་མི་དེ་གིས་ ལས་འགུལ་གྱི་ ས་ཁོངས་གཅིག་ལས་གཅིག་ནང་ འགྱོ་ནི་དང་ ཅ་ཆས་སྐྱེལ་འདྲེན་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ད་ ད་རུང་ གོ་རིམ་༤ མཐུད་སྦྲེལ་འབད་ནི་ཨིན་པས།
ལས་འགུལ་གྱི་ དབང་འཛིན་དང་འཁྲིལཝ་ད་ ནད་ཡམས་ཀོ་བིཌ་༡༩ ལུ་བརྟེན་ ད་ལྟོ་ ལས་འགུལ་ལུ་ འབྱེམ་སྦོམ་མ་ཕོག་ཟེར་ཨིན་པས།
ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་འོགམ་ སུ་ཇཱན་རའི་གིས་ སླབ་མིའི་ནང་ རྒྱ་གར་གྱི་ལས་མི་ཚུ་ ཁོང་རའི་རྒྱལ་ཁབ་ སྒོ་བསྡམས་ཏེ་ཡོདཔ་ལས་ ད་ལྟོ་ ལཱ་འབད་བཞིན་དུ་ཡོད་པའི་ཁར་ ལས་འགུལ་ནང་ དགོས་མཁོ་ཆེ་བའི་ཅ་ཆས་ཚུ་ བཟོ་གྲྭ་ཁང་ཚུ་ སྒོ་མ་བསྡམ་པ་ཅིན་ ཅ་ཆས་ཚུ་ བསྐྱེལ་འདྲེན་འབད་དེ་ར་ཡོད་ཟེར་ཨིན་པས།
ཨིན་རུང་ རྒྱ་གར་གྱིས་ རྒྱལ་ཁབ་སྒོ་བསྡམས་མི་དེ་ ལོག་ཕྱེ་བ་ཅིན་ ལས་མི་ལ་ལོ་ཅིག་ ཁོང་རའི་གཡུས་ཁར་ ལོག་འགྱོ་ནིའི་སེམས་ཡོད་རུང་ བཀག་བཞག་ཐབས་ལུ་ ཟླཝ་དང་པའི་ནང་ ལས་མི་ཚུ་ ཁོང་རའི་ ཟླ་རིམ་དངུལ་ཕོགས་གུ་ སྤྲོ་འཐུས་དངུལ་ཀྲམ་༣,༠༠༠ དང་ དེའི་ཤུལ་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༤,༠༠༠ རེ་ ནད་ཡམས་ཀོ་བིཌ་-༡༩ མ་ཞི་ཚུན་ བྱིན་ནི་ཨིན་པས།
དེ་མ་ཚད་ ལས་འགུལ་ནང་ ལས་མི་ལངམ་སྦེ་ བཞག་ནིའི་དོན་ལུ་ འབྲུག་མི་ཚུ་ གསར་བཙུགས་འབད་ནིའི་ལུ་ རྩ་འགེངས་དོ་ཡོདཔ་ད་ ད་ལྟོ་ ལས་འགུལ་ནང་ འབྲུག་མི་༢༥༠ ལྷགཔ་ཅིག་ཡོདཔ་ཨིན་པས།
ལས་འགུལ་གྱི་ འཛིན་སྐྱོང་ཁ་ཐུག་ལས་ ལཱ་བརྩོན་ཤུགས་བསྐྱེད་མི་ལུ་བརྟེན་ ལས་འགུལ་གྱི་ ས་ཁོངས་ཆ་མཉམ་ནང་ ལཱ་གི་གྲུབ་འབྲས་ཚུ་ ལེགས་ཤོམ་ཐོན་ཏེ་ཡོདཔ་ད་ ད་ཚུན་ ལས་འགུལ་གྱིས་ ལཱ་བརྒྱ་ཆ་༥༠ ལྷགཔ་ཅིག་ མཇུག་བསྡུ་ཡོདཔ་ཨིན་པས།
ལས་འགུལ་གྱི་ ཆུ་དུང་རིང་ཚད་ བསྡོམས་ཀི་ལོ་མི་ཊར་༡༢ ཡོད་མིའི་ནང་ ས་དོང་བརྐོ་ནིའི་ལཱ་ཚུ་ མཇུག་བསྡུ་ཁམས་ལུ་ ལྷོད་ཡོདཔ་ད་ དུས་ཅི་ ཆུ་དུང་ཀི་ལོ་མི་ཊར་༨ ནང་ རྩི་སའི་ནང་ཤབས་རྐྱབ་ཚར་ནིའི་ རེ་བ་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་གིས་ དུས་ཚོད་ཁར་ ལཱ་ཚུ་མཇུག་བསྡུ་ནིའི་དོན་ལུ་ ཟླ་རིམ་བཞིན་དུ་ མཇུག་བསྡུ་དགོ་པའི་ལཱ་ཚུ་ ཁག་འབགཔ་ཚུ་གི་ དམིགས་གཏད་ཅིག་སྦེ་ བཟོ་ཞིནམ་ལས་ འཛིན་སྐྱོང་དང་གཅིག་ཁར་ མཚན་རྟགས་བཀོད་ཞིནམ་ལས་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
སྟངས་སི་སྦྱིས་གློག་མེ་ལས་འགུལ་དེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ གོང་ཚད་བརྒྱ་ཆ་ལས་༡༠༠ ཕབ་ཆག་ཡོད་པའི་ ལས་འགུལ་ཅིག་ཨིནམ་ད་ དེའི་དོན་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡༡.༩༦ ཨིན་པས།
དེ་ཡང་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་ལས་ མ་དངུལ་བརྒྱ་ཆ་༦༠.༨ དང་ རྒྱ་གར་ཚོང་འབྲེལ་དངུལ་ཁང་ལས་ མ་དངུལ་བརྒྱ་ཆ་༢༩.༦༨ དེ་ལས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ལས་ བརྒྱ་ཆ་༩.༤༢ ཨིན་པཔ།
ལས་འགུལ་མཇུག་བསྡུ་ཞིནམ་ལས་ གློག་ཤུགས་ཀྱི་ ཐོན་སྐྱེད་དེ་ རྒྱ་གར་གློག་མེ་ཚོང་འབྲེལ་ལས་སྡེ་ལུ་ ཕྱིར་བཙོང་འཐབ་ནི་ཨིནམ་ད་ སྤྱི་ལོ་༢༠༡༦ ལུ་ འགོ་བཙུགས་མི་ལས་འགུལ་དེ་ སང་ཕོད་སྤྱི་ཟླ་༡༡ པའི་ནང་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *