སྟང་སི་སྦིས་གློག་མེ་ལས་འགུལ་གྱིས་ ཆུ་བཀག་ར་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་རྐོ་བའི་བསྒང་།

སྟང་སི་སྦིས་གློག་མེ་ལས་འགུལ་ སྤྱི་ལོ་༢༠༢༡ གི་ཟླཝ་༤ པའི་ནང་ མཇུག་བསྡུ་ནི།

༉ གློག་ཤུགས་མེ་ག་ཝཱཊ་༡༡༨ འབད་མི་ སྟང་སི་སྦིས་གློག་མེ་ལས་འགུལ་གྱིས་ སྤྱི་ཟླ་༦ པ་ཚུན་ བཟོ་སྐྲུན་གྱི་ལཱ་བརྒྱ་ཆ་༣༨ གྲུབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༤ པའི་ནང་ ལས་འགུལ་གྱི་འཛིན་སྐྱོང་དང་ ཁག་འབག་པའི་བར་ན་ གན་ཡིག་གུ་མཚན་རྟགས་བཀོད་ཡོད་པའི་ལས་འགུལ་དེ་ སྤྱི་ལོ་༢༠༢༠ ཟླ་༤ པའི་ཚེས་༢༠ ལུ་ བསྒྲུབ་དགོཔ་ཨིན་རུང་ ས་ཆ་བརྟན་ཏོག་ཏོ་མེད་མི་དང་ གནམ་གཤིས་གནས་སྟངས་ འཁོར་ལམ་ལེགས་ཤོམ་མེད་མི་ དེ་ལས་ ས་རུད་ཆད་མི་ལུ་བརྟེན་ ལོ་༡ ཕར་འགྱངས་ལུས་ནི་ཨིན་པས།
ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་འོགམ་ སུ་ཇཱན་རའི་གིས་ སླབ་མིའི་ནང་ ལཱ་ཚུ་ག་ར་ ལེགས་ཤོམ་འབད་འགྱོ་དོ་ཡོདཔ་བཞིན་དུ་ ད་ལས་ཕར་ ས་ཁམས་གྱི་བར་ཆད་ཚུ་ ཁ་ཐུག་མ་རྐྱབ་པ་ཅིན་ སྤྱི་ལོ་༢༠༢༡ ཟླ་༤ པའི་ཚེས་༢༠ ལུ་ མཇུག་བསྡུ་འོང་ཟེར་ཨིན་པས།
ད་ལྟོ་ ཆུ་བཀག་ར་ལུ་ ས་བརྐོ་ནིའི་ལཱ་དང་ གློག་མེ་འཕྲུལ་ཁང་གི་ས་ཁོངས་ནང་ ས་བརྐོ་ནིའི་ལཱ་ཚུ་ མཇུག་བསྡུ་ཡོདཔ་ད་ ཆུ་དུང་གི་ལཱ་ཚུ་ཡང་ འབད་བའི་བསྒང་ཡོདཔ་ཨིན་པས།
འཛིན་སྐྱོང་མདོ་ཆེན་འོགམ་གིས་ སླབ་མིའི་ནང་ ཆུ་བཀག་ར་གི་ལཱ་འབད་ས་ལུ་ བྱག་སྒྲིང་སྒྲི་མེདཔ་ལས་ ལཱ་འབད་བའི་སྐབས་ ཐབས་རིག་དང་ འགྲོས་ཀྱིས་འབད་དགོཔ་ཐོན་ཡོད་རུང་ ཧ་ལམ་ཅིག་ལས་ བྱག་ལེགས་ཤོམ་དང་ཕྱད་ཡོདཔ་ལས་ ས་བརྐོ་ནིའི་ལཱ་མཇུག་བསྡུ་ཡོད་པའི་ཁར་ ཆུ་བསགས་མཛོད་ནང་ རྩི་ས་གཏང་དགོ་པའི་ལཱ་ཚུ་ འབད་ཡི་ཟེར་ཨིནམ་ད་ ཆར་ཆུའི་སྐབས་ལུ་ཡང་ ལཱ་འབད་ཡོདཔ་ལས་ གྲུབ་འབྲས་ལེགས་ཤོམ་ཐོན་ཡི་ཟེར་ཨིན་པས།
ལས་འགུལ་དེ་ རྒྱ་གར་གྱི་ལས་སྡེ་ ཧིན་དཱུསི་ཏཱན་ལས་སྡེ་དང་ བི་བོ་ཊིས་གློག་མེ་ལས་སྡེ་༢ ཀྱིས་འབད་དོ་ཡོདཔ་ད་ ལས་བྱེདཔ་མངམ་ འབྲུག་མི་བཙུགས་ཡོད་པའི་ཁར་ ཆུ་དུང་གི་སྒོ་ཨེ་ཌིཊ་༡ ནང་ ལཱ་འབད་མི་ག་ར་ འབྲུག་མི་ཚུ་ཨིནམ་ད་ ལས་འགུལ་གྱི་ འཛིན་སྐྱོང་ལཱ་འབད་མི་ཚུ་ འབྲུག་མི་ཨིན་པས།
ལས་འགུལ་དེ་ནང་ གཞན་དང་མ་འདྲ་བའི་ ཁྱད་ཆོས་ཅིག་ཡོད་མི་དེ་ཡང་ ལས་འགུལ་དེ་ གྲུབ་པའི་བསྒང་ལས་ ལས་འགུལ་དེ་ནང་ལས་ཐོན་མི་ཆུ་དེ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཆུ་བསགས་མཛོད་ནང་ གཏང་ནི་ཨིནམ་བཞིན་དུ་ གནམ་དགུན་གྱི་སྐབས་ མང་སྡེ་ཆུ་གློག་མེ་ལས་འགུལ་ལུ་ ལྷན་ཐབས་འབད་ནི་ཨིན་པས།
ལས་འགུལ་དེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ བརྒྱ་ཆ་ལས་༡༠༠ ཕབ་ཆག་ཡོད་པའི་ལས་འགུལ་ཅིག་ཨིནམ་ད་ ལས་འགུལ་དེའི་དོན་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡༡.༩༦ ཨིནམ་ད་ དེ་ཡང་ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་ལས་ བརྒྱ་ཆ་༦༠.༨ དང་ རྒྱ་གར་ཚོང་འབྲེལ་དངུལ་ཁང་ལས་ བརྒྱ་ཆ་༢༩.༦༨ དེ་ལས་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ལས་ བརྒྱ་ཆ་༩.༤༢ ཨིན་པས།
ལས་འགུལ་ལུ་ གདོང་ལེན་ཆེ་ཤོས་ར་ ལཱ་འབད་སའི་ས་ཁོངས་ ལེགས་ཤོམ་མེདཔ་ལས་བརྟེན་ རྒྱ་གར་གྱི་ ལས་མི་ཚུ་ ཡུན་རིངམོ་སྦེ་ སྡོད་མ་བཏུབ་མི་ལུ་བརྟེན་ དུས་ཐོག་ལུ་ ལས་མི་ཚབ་འཁྱིད་འོང་དགོཔ་ལས་ དུས་ཡུན་འགོརཝ་མས་ཟེར་ཨིན་པས།
ལཱ་ཚུ་དུས་ཚོད་ཁར་ མཇུག་བསྡུ་ནིའི་དོན་ལུ་ ལས་འགུལ་གྱི་འཛིན་སྐྱོང་ཁ་ཐུག་ལས་ ཟླ་རིམ་བཞིན་དུ་ ལཱ་བསྒྲུབ་དགོ་པའི་དམིགས་གཏད་བཟོ་ཞིནམ་ལས་ འཛིན་སྐྱོང་དང་ ཁག་འབགཔ་གི་བར་ན་ མཚན་རྟགས་བཀོད་ཐོག་ལས་ ལྟ་རྟོག་འབད་དོ་ཡོདཔ་ད་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡང་ ལཱ་གི་གྲུབ་འབྲས་དང་འཁྲིལ་ བྱིན་དོ་ཡོདཔ་སྦེ་ཨིན་པས།
སུ་ཇཱན་རའི་གིས་ སླབ་མིའི་ནང་ ལས་འགུལ་གྱི་ཉེ་འདབས་ལུ་ཡོད་པའི་ མི་སྡེའི་ཁ་ཐུག་ལས་ རྒྱབ་སྐྱོར་སྦོམ་བྱིན་དོ་ཡོདཔ་ད་ དེ་ཡང་ ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ ལས་འགུལ་དེ་ ག་དེམ་ཅིག་ ཁག་ཆེ་དྲགས་ཡོདཔ་ན་ ཧ་གོ་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
ལས་འགུལ་དེ་ མཇུག་བསྡུ་ཞིནམ་ལས་ གློག་མེའི་ཐོན་སྐྱེད་དེ་ རྒྱ་གར་གློག་མེ་ཚོང་འབྲེལ་ལས་སྡེ་ལུ་ ཕྱིར་བཙོང་འབད་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *