སྟག་རྩེ་མཐོ་རིམ་སློབ་གྲྭ་གིས་ ལེགས་སྦྱར་བ་༩ དགོངས་ཞུ་བཏང་ཡོདཔ།

༉ ཀྲོང་གསར་ སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་༩ དང་ རྒྱབ་སྐྱོར་ལས་བྱེདཔ་༡ སློབ་ཕྲུག་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ ཁ་ཉེས་ཕོག་མི་ལུ་བརྟེན་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་བཅུག་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ སྟབས་ངན་དེ་གི་སྐོར་ལས་ བདུན་ཕྲག་༣ གྱི་ཧེ་མར་ ཉམས་རྒུདཔ་སློབ་ཕྲུག་དག་པ་ཅིག་ ཁོ་འབད་སར་འོང་སྟེ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་མི་ལུ་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ སླབ་ད་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ དེ་བསྒང་ལས་ མཐོ་རིམ་སློབ་གྲྭའི་ ཉེ་འདབས་ལས་ཕར་ སློབ་ཕྲུག་དང་ ལེགས་སྦྱར་བ་ཚུ་གི་བར་ན་ ཚུལ་མིན་ཐོག་ མཐུན་འབྲེལ་ཡོད་པའི་ འཐོར་གཏམ་དར་ཁྱབ་སོང་ནུག་ཟེར་ཨིན་པས།
དེ་འཕྲོ་ལས་ མཐོ་རིམ་སློབ་གྲྭའི་སྒྲིག་འཛིན་༣ དང་གཅིག་ཁར་ གནད་དོན་དེ་ ག་དེ་སྦེ་ གདོང་ལེན་འབད་ནི་ཨིན་ན་ གྲོས་བསྡུར་འབད་བའི་ཁར་ སློབ་ཕྲུག་དང་ ལེགས་སྦྱར་བ་དག་པ་ཅིག་དང་ གྲོས་བསྟུན་འབད་ཞིནམ་ལས་ སློབ་ཕྲུག་ཚུ་ལུ་ བརྟག་ཞིབ་ཅིག་ འགོ་འདྲེན་འཐབ་ནི་སྦེ་ ཐག་བཅད་པའི་ཤུལ་ལུ་ མང་ཤོས་ཅིག་གིས་ སློབ་ཕྲུག་ཚུ་དང་ མཐོ་རིམ་སློབ་གྲྭའི་ ལས་བྱེདཔ་ཚུ་གི་བར་ན་ ཚུལ་མིན་གྱི་ དགའ་མཐུན་ཡོདཔ་སྦེ་ སླབ་ཡོདཔ་སྦེ་ཨིན་པས།
གཙོ་འཛིན་གྱིས་ སླབ་མིའི་ནང་ གྲལ་གཏོགས་ཡོད་མི་ ག་ར་གིས་ ཁ་བཟེད་མ་བཏུབ་ལས་ ཚུལ་མིན་གྱི་ དགའ་མཐུན་ཡོདཔ་ ངེས་ཏིག་སྦེ་ ཤེས་རྟོགས་བྱུང་མ་ཚུགས་རུང་ འོས་ལྡན་མེད་པའི་ ལགཔ་དཀྲོག་ནི་དང་ གཟུགས་སྒྱེན་མོའི་པར་ དེ་ལས་ མི་སྡེ་བརྡ་བརྒྱུད་ཀྱི་ བརྡ་འཕྲིན་ཚུ་ བསྐྱལ་ཐོག་ལས་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་ཚུ་འབད་བའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
གནད་དོན་དེ་ཚུ་ལུ་ གཞི་བཞག་ཞིནམ་ལས་ བྱ་ངན་དེ་བཟུམ་ ལོག་མི་འབྱུང་ནིའི་དོན་ལུ་ ལས་བྱེདཔ་ཚུ་ ངེས་པར་དུ་ དགོངས་ཞུ་འབད་དགོཔ་ བཟོ་ཡི་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ མཐོ་རིམ་སློབ་གྲྭའི་ བདག་སྐྱོང་ཁ་ཐུག་ལས་ གནད་དོན་དེའི་སྐོར་ལས་ ཤེས་རྟོགས་བྱུངམ་གཅིག་ར་ འགན་འཁྲི་འབག་སྟེ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་ཡི་ཟེར་ བཤདཔ་ཨིན་པས།
བྱ་ངན་ཚུ་ནང་ འབྲེལ་གཏོགས་ཡོད་མི་ དོགས་ཅན་༡༠ ཡོད་མི་ལས་༩ ལེགས་སྦྱར་བ་དང་༡ རྒྱབ་སྐྱོར་ལས་བྱེདཔ་ཨིནམ་ད་ ལེགས་སྦྱར་བ་༩ ལས་༦ གཏན་འཇགས་ཀྱི་ལེགས་སྦྱར་བ་དང་༣ ཁག་འབག་ཐོག་ སློབ་སྟོན་འབད་མི་ཨིན་པས།
གནད་དོན་དེ་ཡང་ སློབ་ཕྲུག་བུམོ་༡༩ གིས་ ལས་བྱེདཔ་ཚུ་གི་སྐོར་ལས་ ཉོགས་བཤད་བཀོད་པའི་ཤུལ་ལས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
གཙོ་འཛིན་ལུང་བསྟན་རྒྱ་མཚོ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ ཨིན་ཅི་མིན་ཅི་ དགོངས་ཞུ་འབད་དགོ་པའི་ གྲོས་ཐག་བཅད་མི་དེ་ཡང་ མཐོ་རིམ་སློབ་གྲྭའི་བདག་སྐྱོང་གི་ དང་ལེན་ཨིནམ་བཞིན་དུ་ དེ་བཟུམ་གྱི་ བྱ་ངན་ལུ་ བཟོད་བསྲན་མེད་པའི་ བརྡ་མཚོན་ སྟོན་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
གནད་དོན་ལ་ལོ་ཅིག་ ཉེས་འགེལ་ཨིནམ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ གཏང་ནི་ཨིནམ་ལས་ གནད་དོན་དེའི་སྐོར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ གྲོས་བསྟུན་འབད་ཡི་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ ལེགས་སྦྱར་བ་ལ་ལོ་ཅིག་གིས་ མཐོ་རིམ་སློབ་གྲྭའི་ གཙུག་ལག་ཤེས་ཡོན་གྱི་དོན་ལུ་ ལཱ་ལེགས་ཤོམ་འབད་ཡོདཔ་ཨིན་རུང་ ད་རེས་ ཐབས་མེད་ངོས་ལེན་འབད་དགོཔ་ ཐོན་ཡི་ཟེར་ཨིདམ་ད་ ད་རེས་ཀྱི་ གནད་དོན་དེ་ མ་འོངས་པ་ལུ་ འབྱུང་མི་བཅུག་ནིའི་དོན་ལུ་ དྲན་བཏོན་བཟུམ་ཅིག་སྦེ་ ངོས་ལེན་འབད་ནི་ཟེར་ཨིན་པས།
ད་རེས་ནངས་པར་ མཐོ་རིམ་སློབ་གྲྭའི་གནས་སྟངས་ལུ་ བལྟ་བ་ཅིན་ ཁུ་སུམ་སི་སྦེ་ མཐོང་དོ་ཡོདཔ་ད་ ཁ་ཉེས་ཕོག་མི་ ལས་བྱེདཔ་དག་པ་ཅིག་ ཁ་ཙ་ལས་ སློབ་གྲྭའི་ས་ཁོངས་ནང་ལས་ ཐོན་འགྱོཝ་ད་ ག་གིས་ཡང་ གནད་དོན་དེའི་སྐོར་ལས་ ཀུན་གསལ་ལུ་ སླབ་མ་བཏུབ།
ད་རུང་ ཉེ་འདབས་ལུ་སྡོད་མི་ མི་སེར་ཚུ་ཡང་ ཧ་ལས་ཡོདཔ་ཨིན་རུང་ ལེགས་སྦྱར་བ་ཚུ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ འགྱོ་དོ་ཡོདཔ་ཨིན་ན་ ག་གིས་ཡང་ མ་སླབ་པར་ཡོདཔ་ད་ ལ་ལོ་གིས་འབད་བ་ཅིན་ ཚུལ་མིན་ནང་ འབྲེལ་བ་ཡོད་པའི་ སློབ་ཕྲུག་ཚུ་ལུ་ཡང་ དང་ལེན་འབད་དགོཔ་འདུག་ཟེར་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ་དང་ བཀྲིས་སྒྲོལ་མ།

About admin

Check Also

གཡོ་བཅོམ་འབད་ནིའི་ ཐབས་ལམ་ཨིན་ན?

༉ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ འགན་ཁུར་ངོ་མ་ར་ ཁྲིམས་བཟོ་ནི་དང་ ཁྲིམས་བསྐྱར་ཞིབ་འབད་ནི་ དེ་ལས་ མི་སེར་གྱི་ སྐུ་ཚབ་སྦེ་ སྤྱི་ཚོགས་ནང་ མི་མང་ལུ་བྱུང་མི་ དཀའ་ངལ་དང་གདོང་ལེན་ཚུ་ སེལ་གནང་དགོ་པའི་ གྲོས་འདེབས་ཕུལ་ནི་དེ་ཨིན་མས། འཐུས་མི་ཚུ་ …

Leave a Reply

Your email address will not be published. Required fields are marked *