གློག་མེའི་མཐུན་རྐྱེན་གསརཔ་ གཞི་བཙུགས་འབད་མི་ སྤ་རོ་སྟག་ཚང་།

སྟག་ཚང་ལུ་ གློག་མེའི་མཐུན་རྐྱེན་གསརཔ་ གཞི་བཙུགས་འབད་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༢ ལུ་ རྒྱལ་འཛིན་སྟག་ཚང་ལས་འགུལ་གྱི་ལཱ་ཚུ་ མཇུག་བསྡུ་མི་དང་བསྟུན་ སྤ་རོ་སྟག་ཚང་གི་ གློག་མེ་དང་ གློག་ཐག་ དེ་ལས་ མཛེས་བཀོད་ཚུ་ ཧེ་མ་དང་མ་འདྲཝ་སྦེ་ མཐོངམ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༣༠ ལས་ འགོ་བཙུགས་མི་ ལས་འགུལ་གྱི་ མཇུག་བསྡུའི་རྟེན་འབྲེལ་ནང་ སྲསམོ་ སྐལ་བཟང་ཆོས་སྒྲོན་ཊི་དབང་ཕྱུག་དང་ ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་འཕྲིན་ལས་ཀྱིས་ གྲལ་བཞུགས་གནང་ཡོདཔ་ཨིན་པས།
ལས་འགུལ་དེ་ མི་དབང་རྒྱལ་ཡུམ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འགོ་འདྲེན་ཐོག་ལས་ སུའི་ཛར་ལེནཌི་ལུ་ཡོད་མི་ ཨི་མ་ནུ་ཡེལ་ ཕལཀ་ཀི་གར་གྱིས་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
ཨི་མ་ནུ་ཡེལ་ ཕལཀ་ཀི་གར་གྱིས་ འགོ་དང་པ་ སྤྱི་ལོ་༢༠༡༦ ལུ་ སུ་ཡིསི་གི་ ལྟ་བཤལ་པ་སྦེ་ འོང་བའི་སྐབས་ སྟག་ཚང་ལུ་འགྱོ་བའི་ཤུལ་ལས་ སྟག་ཚང་དེ་ ཁོ་གི་དོན་ལུ་ དགའ་ཤོས་ཅིག་སྦེ་ བརྩིས་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྟག་ཚང་ལྷ་ཁང་དེ་ ཡ་མཚན་ཆེ་ཏོག་ཏོ་འདུག་ཟེར་ཨིནམ་ད་ ཁོ་ར་ གློག་མེ་བཟོ་ནི་དང་ སྒྲ་ནང་མཁས་མཆོག་ཨིན་པའི་ཁར་ འཕྲུལ་རིག་གི་བཟོ་རིགཔ་འབད་ནི་དེ་ ལྷ་ཁང་ཚུ་ནང་ གློག་ཐག་ཚུ་ དཔྱངས་ཡོདཔ་སྦེ་མཐོང་མི་དེ་ ཚུལ་མཐུན་མེདཔ་སྦེ་ མཐོང་ཡི་ཟེར་ཨིན་པས།
འབྲུག་པའི་ལམ་སྲོལ་ལུ་ སེམས་ཀྱི་ཧིང་ལས་ར་ ཡིད་ཆེས་ཡོདཔ་ལས་ ལས་འགུལ་དེ་གིས་ སྟག་ཚང་ལུ་ ཡ་མཚན་ཆེ་བའི་ བརྩི་མཐོང་བསྐྱེད་ཡོདཔ་ལས་ དང་ཕུ་གི་ནང་རྟེན་དང་ ལམ་སྲོལ་ཚུ་ འབྲུག་མི་ཚུ་གིས་ ཉམས་སྲུང་འབད་ནིའི་དོན་ལུ་ ཁྱོསམ་བཟུམ་ཅིག་ ཨིན་ཟེར་བཤད་ཅི།
ལས་འགུལ་མཇུག་བསྡུ་མི་དང་བསྟུན་ ངལ་རངས་བྱུང་ཡི་ཟེར་ ཁོ་གིས་བཤད་ཡོདཔ་ད་ ལས་འགུལ་གྱིས་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་བཏངམ་མ་ཚད་ རིག་རྩལ་གོང་འཕེལ་ལུ་ཡང་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
སྤ་རོ་རྫོང་ཁག་གི་ ལམ་སྲོལ་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ ནང་འཁོད་ཀྱི་ འཕྲུལ་རིགཔ་ཚུ་གིས་ ལས་འགུལ་གཞན་ཚུ་ནང་ཡང་ ལཱ་འབད་ནིའི་ ཉམས་མྱོང་ཐོབ་ཐབས་ལུ་ ལས་འགུལ་ས་ཁོངས་ནང་ ལཱ་འབད་བཅུག་ཡི་ཟེར་བཤད་ཅི།

ལས་འགུལ་གྱི་ མཇུག་བསྡུའི་རྟེན་འབྲེལ་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་འཕྲིན་ལས་དང་ སྲསམོ་སྐལ་བཟང་ཆོས་སྒྲོན་ཊི་དབང་ཕྱུག་གིས་ གྲལ་བཞུགས་གནང་པའི་བསྒང་།

ལས་འགུལ་ནང་ འཕྲུལ་རིགཔ་༡༤ གིས་ གྲལ་གཏོགས་འབད་ཡོདཔ་ད་ རྒྱལ་ཡོངས་ཀྱི་ ནང་རྟེན་ཅན་ཚུ་ གལ་ཆེ་མི་ལུ་བརྟེན་ བྷུ་ཊཱན་སྒྲ་འོད་ཀྱི་ རྟ་མགྲིན་གྱིས་ ལས་འགུལ་ནང་ ཁས་བླངས་འབད་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ ལས་འགུལ་དེ་གིས་ ཉེན་སྲུང་དང་མཛེས་ཆ་ལུ་ གཙོ་བོར་བཏོན་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དྲོད་རྫ་གི་དོན་ལུ་ ས་ཁོངས་སོ་སོར་སྦེ་ བཟོ་ཡོདཔ་ལས་ དེ་ནང་ལས་ ནུས་ཤུགས་མངམ་སྦེ་དགོ་མི་ འཕྲུལ་ཆས་ཚུ་བཙུགས་པ་ཅིན་ རང་བཞིན་གྱིས་ གློག་མེ་ཤི་འགྱོ་འོང་ཟེར་ཨིནམ་ད་ འགྲུལ་འཕྲིན་གྱི་ ལྟོ་བསྐྱར་གསོ་འབད་ནིའི་དོན་ལུ་ ལོགས་སུ་སྦེ་ར་ བཟོ་ཡི་ཟེར་ཨིན་པས།
འཕྲུལ་རིགཔ་ཚུ་གིས་ གློག་མེ་བཙུགས་ནིའི་ལཱ་ཚུ་ ལོག་འབད་བའི་སྐབས་ གདོང་ལེན་སྦོམ་ཤོས་ར་ གློག་མེའི་ལཱ་གི་དོན་ལུ་ བཟོ་བཀོད་ཚུ་མེད་པའི་ དཀའ་ངལ་བྱུང་ཡོདཔ་ལས་ དེ་གི་དོན་ལུ་ ལམ་སྲོལ་ལས་ཁུངས་ཀྱིས་ དགོན་པའི་དོན་ལུ་ གློག་མེའི་བཟོ་བཀོད་ཚུ་ བཟོ་ཡོདཔ་ཨིན་པས།
ལམ་སྲོལ་ལས་ཁུངས་ཀྱི་ གློག་རིག་བཟོ་རིགཔ་ པདྨ་མཁའ་འགྲོ་གིས་ བཤད་མིའི་ནང་ བཟོ་བཀོད་དེ་གིས་ གློག་མེ་བཙུགས་ས་དང་ ཅ་ཆས་ཀྱི་སྤུས་ཚད་ དེ་ལས་ ཅ་ཆས་ག་བཟུམ་ ལག་ལེན་འཐབ་ཡོདཔ་ཨིན་ན་ཚུ་ ཤེས་ཚུགས་པའི་ཁར་ མེ་གི་དཀའ་ངལ་ཐོནམ་ད་ ག་ཏེ་ལས་ ཐོན་ཡོདཔ་ཨིན་ན་ཚུ་ ཤེས་ཚུགས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལམ་སྲོལ་གྱི་ ས་ཁོངས་མང་ཤོས་ཅིག་ནང་ གློག་མེའི་དོན་ལུ་ བཟོ་བཀོད་ཚུ་ མིན་འདུག་ཟེར་ཨིན་པས།
ལས་འགུལ་དེ་ ལམ་སྲོལ་ལས་ཁུངས་དང་ འབྲུག་གློག་མེ་ལས་འཛིན་ སྤ་རོ་རྫོང་ཁག་དང་ སྒེར་གྱི་མི་ངོམ་ ཨམ་ གཡང་ཅན་ དེ་ལས་ བྷུ་ཊཱན་སྒྲ་འོད་ཚུ་གིས་ མཉམ་འབྲེལ་ཐོག་ལས་ འབད་ཡོདཔ་ཨིན་པས།
ཨི་མ་ནུ་ཡེལ་ ཕལཀ་ཀི་གར་གྱིས་ སླབ་མིའི་ནང་ ཁོ་གིས་ སྤུ་ན་ཁ་རྫོང་ནང་ཡང་ དེ་བཟུམ་མའི་ ལཱ་འབད་ནིའི་ འཆར་གཞི་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *