སྐྱེས་ལོ་༦༥ ལང་མི་ བདེ་ཆེན་གྱིས་ རྒྱུ་ཟོ་ཆག་གི་ ཟོང་ཆས་འཐག་ནིའི་དོན་

སྒྲུབ་ཁང་གཡུས་ཚན་གྱིས་ ཟོ་ཆག་གི་ ཐགས་འཐག་ནིའི་ལམ་སྲོལ་ མ་ཉམས་པར་བཞག་དོ་ཡོདཔ།

༉ རྒྱལ་ཁབ་ནང་ ཐགས་འཐག་ནིའི་ལམ་སྲོལ་དེ་ ཐགས་རིགས་ལུ་རིག་རྩལ་དང་ ཉམས་མྱོང་ཡོད་མི་ཕམ་ཚུ་གིས་ རང་སོའི་ བུ་བརྒྱུད་ལུ་སྟོན་ཏེ་ ཕ་བརྒྱུད་བུ་བརྒྱུད་སྦེ་ བདག་འཛིན་འཐབ་པའི་ལམ་སྲོལ་ཨིན་ཟེར་ བརྩི་འཇོག་འབདཝ་ཨིན་པས།
དེ་ཡང་ ཤར་ཕྱོགས་རྫོང་ཁག་༦ གི་གྲས་ལས་ བཀྲིས་སྒང་ར་ལྡི་ལུ་འབད་བ་ཅིན་ འབུ་རས་ཀྱི་ལཱ་འབད་དོ་ཡོདཔ་ད་ ལྷུན་རྩེ་མཁོ་མ་ལུ་ སྐུད་ཤུ་ཐགས་རས་ དེ་བཟུམ་སྦེ་ གཞན་མི་གཡུས་ཚན་ མང་ཤོས་ཅིག་ནང་ སེར་ཤུད་དང་ཀ་བལ་ དེ་ལས་ སེམས་ཅན་གྱི་སྤུ་ཚུ་ ལག་ལེན་འཐབ་སྟེ་ ཐགས་འཐགཔ་ཨིན་པས།
དེ་འབདཝ་ད་ བཀྲིས་སྒང་ ཀླུ་མང་རྒེད་འོག་ སྒྲུབ་ཁང་གཡུས་ཚན་ནང་འབད་བ་ཅིན་ ཟོ་ཆག་ལག་ལེན་འཐབ་སྟེ་ འཐག་སྲོལ་ཡོདཔ་ད་ ད་རེས་ གཡུས་ཚན་ནང་ ཟོ་ཆག་ལག་ལེན་འཐབ་སྟེ་ ཐགས་འཐག་ཤེས་མི་ དག་པ་ཅིག་ལས་བརྒལ་མེདཔ་ཨིན་པས།
གཡུས་ཚན་དེ་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡༢ དེ་ཅིག་ནང་ ཆགས་ཡོདཔ་ད་ རྐང་སྟོང་འབད་འགྱོ་བ་ཅིན་ དུས་ཡུན་ཆུ་ཚོད་༡ དེ་ཅིག་དང་ སྣུམ་འཁོར་ནང་འབད་བ་ཅིན་ སྐར་མ་༣༠དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
ཟོ་ཆག་ལག་ལེན་འཐབ་སྟེ་ ཐགས་འཐག་ནིའི་ལམ་སྲོལ་དེ་ གཡུས་ཚན་ནང་ ཡོངས་གྲགས་སྦེ་བརྩི་རུང་ ནང་འདྲེན་འབད་མི་ སྐུདཔ་དང་གཞན་མཐུན་རྐྱེན་ཚུ་ འབོལ་དྲགས་སྦེ་འཐོབ་ཚུགས་ནི་དེ་གིས་ ཨམ་སྲུ་མང་ཤོས་ཀྱི་ སྐུདཔ་དང་ སེར་ཤུད་ཀྱི་ལཱ་འབད་དོ་ཡོདཔ་ལས་ ཟོ་ཆག་དེ་ཅིག་ར་ ལག་ལེན་འཐབ་ནི་མེདཔ་ཨིན་པས།
སྐྱེས་ལོ་༦༥ ལང་མི་ བདེ་ཆེན་གྱིས་ སླབ་མིའི་ནང་ ཟོ་ཆག་ལག་ལེན་འཐབ་སྟེ་ ཐགས་འཐག་ནིའི་ལམ་སྲོལ་དེ་ ཕ་མའི་བསྒང་ལས་ར་ སྡོད་ནུག་ཟེར་ཨིནམ་ད་ ད་རེས་ མོ་རའི་གཡུས་ཁར་ ཟོ་ཆག་གི་ཐགས་ལཱ་ ཤེས་མི་དག་པ་ཅིག་ལས་བརྒལ་མེད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཟོ་ཆག་གི་ཐགས་ལཱ་དེ་ བརྩོན་འགྲུས་ཡོད་མི་ ཨམ་སྲུ་རྐྱངམ་གཅིག་གིས་ ལཱ་འབད་ཚུགས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཨམ་སྲུ་མང་ཤོས་ཀྱིས་ ཟོ་ཆག་གི་འཐག་ལཱ་འབད་འོང་ཟེར་ཨིན་པས།
སྒྲུབ་ཁང་གི་ མི་སེར་ཚུ་གིས་ ཟོ་ཆག་མཁོ་སྒྲུབ་ཀྱི་དོན་ལུ་ ཉིནམ་ལས་བཅད་དེ་ ཚལ་མ་ནང་འགྱོ་དོ་ཡོདཔ་ད་ རྒྱུ་ཟོ་ཆག་གིས་ ཨམ་སྲུའི་སྐྱིད་ར་དང་ མལ་ཆ་ རག་ཅུང་ ཕད་ཅུང་ དེ་ལས་ ཅོག་ཁེབས་ལ་སོགས་པ་ཚུ་ འཐག་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༦༥ ལང་མི་ ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཨམ་སྲུ་ཚུ་གིས་ སེམས་ཅན་གྱི་སྤུ་བཙུགས་ཏེ་ ཟོ་ཆག་གི་ མལ་ཆ་འཐག་འོང་ཟེར་ཨིནམ་ད་ ནོར་གྱི་བྱང་སའི་གུར་ཡང་ འཐག་ནི་ཡོདཔ་མ་ཚད་ དེ་ལག་ལེན་འཐབ་ད་ ཆུ་ཤོག་གི་གུར་དང་ དབྱེ་བ་མེད་པར་ སྒྲིང་སྒྲི་སྦེ་སྡོད་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཟོ་ཆག་གི་ཐགས་འཐག་ནི་དང་ ཟོ་ཆག་གི་སྐུདཔ་ ག་དེ་སྦེ་བཟོ་ནི་ཨིན་ན་ ན་གཞོན་ཚུ་གིས་ ལྷབ་མི་དཀོན་སུ་ཅིག་འདུག་ཟེར་ཨིནམ་ད་ ལཱ་ཡོངས་རྫོགས་ཤེས་མི་ ཨམ་སྲུ་དག་པ་ཅིག་ལས་བརྒལ་ མེད་ཟེར་ཨིན་པས།
གཡུས་མི་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཟོ་ཆག་གི་ཐགས་འཐག་ནི་ལྷབ་སྦྱང་དེ་ མོ་རའི་ཨའི་ལས་ལོ་༡༥ ལངམ་ད་ ལྷབ་ཅི་ཟེར་ཨིནམ་ད་ གཞན་ཐགས་རིགས་ཀྱི་ལཱ་དེ་ འཇམ་ཏོང་ཏོ་ཡོད་རུང་ ཟོ་ཆག་གི་ཐགས་འཐག་ནི་དེ་ ལཱ་ཁག་ཡོད་ཟེར་ ཨིན་པས།
མོ་གིས་ སླབ་མིའི་ནང་ ཟོ་ཆག་གི་པགས་ཀོ་ཤུབས་ཏེ་ གོ་ཐལ་གྱི་ཆུ་དང་གཅིག་ཁར་ ཉིནམ་༡ ལྷགཔ་ཅིག་ བཙོ་དགོ་ཟེར་ཨིནམ་ད་ དེ་ལས་ ཆུ་སྦོམ་ཡོད་སར་འབག་སྟེ་ དཀརཔོ་མ་འགྱོཝ་ཚུན་ཚོད་ བརྡུང་དགོ་ཟེར་ཨིན་པས།
དེ་ལས་ སྐུདཔ་བཟུམ་སྦེ་ རེ་རེ་བཞིན་དུ་འཐེན་དགོ་ཟེར་ མོ་གིས་བཤད་པའི་ཁར་ ཐགས་འཐག་ནིའི་ཐད་ཁར་ གོ་དང་ སྐྱིད་ར་བཟུམ་སྦེ་ འཐག་དགོ་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་དང་འཁྲིལ་བ་ཅིན་ ཟོ་ཆག་གི་ཐགས་འཐག་ནི་དེ་ ལམ་སྲོལ་ཅིག་ཨིན་རུང་ ལཱ་འབདཝ་ད་ དུས་ཚོད་འགོར་དོ་ཡོདཔ་ལས་ འོང་འབབ་བཟོ་ནི་མེན་པར་ རྒུད་ཕོག་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།
ཨ་ལོ་༢ ཀྱི་ཨའི་ ཀརྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཟོ་ཆག་ཚུ་ ནོར་སེམས་ཅན་དང་ རི་དྭགས་སེམས་ཅན་ཚུ་གིས་ བཟའ་ནི་དེ་གིས་ དེ་ཅིག་ར་ མི་འཐོབ་པས་ཟེར་ཨིནམ་ད་ འཕྲུལ་ཆས་མེད་ནི་དེ་གིས་ ཟོ་ཆག་གི་སྐུདཔ་བཟོ་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཟོ་ཆག་གི་སྐུདཔ་བཟོ་ནིའི་དོན་ལུ་ གཞུང་ལས་ འཕྲུལ་ཆས་དང་ ཅ་ཆས་ཚུ་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཨིནམ་ད་ ཧེ་མའི་ལམ་སྲོལ་ཡང་ བཞག་ཚུགས་ནི་མས་ཟེར་ཨིན་པས།
ད་རེས་ནངས་པར་ སྐྱིད་ར་དང་མལ་ཆ་ དེ་ལས་ གུར་ཚུ་འཐག་ནི་བཤོལ་བཞག་སྟེ་ ཅོག་རྩེའི་ཁེབས་དང་ ཕད་ཅུང་ལ་སོགས་པ་ཚུ་ འཐག་དོ་ཡོདཔ་ད་ ཐགས་འཐག་པའི་སྐབས་ མེ་ཏོག་ལ་སོགས་པ་ཚུ་འཐུ་སྟེ་ སྐུདཔ་གི་ཐགས་འཐག་དོ་བཟུམ་སྦེ་ར་ འཐག་དོ་ཡོདཔ་ཨིན་པས།
གཡུས་ཚན་ནང་ ཟོ་ཆག་གི་ཐགས་འཐག་ནིའི་ལམ་སྲོལ་ མ་ཉམས་པར་བཞག་ཐབས་ལུ་ ཨམ་སྲུ་༡༣ དེ་ཅིག་གིས་ སྡེ་ཚན་བཟོ་ཡོདཔ་ད་ ཁོང་འཐུས་མི་༢ ལུ་ གཞུང་གིས་ སྦྱོང་བརྡར་ཡང་ གནང་ཡི་ཟེར་ སྡེ་ཚན་གྱི་ཁྲི་འཛིན་ བསོད་ནམས་ཆོས་སྒྲོན་གྱིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ཀླུ་མང་།

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *