སྒོམ་ཆེན་ཚུ་གིས་ ཚོགས་རྒྱན་བཙུགས་མི་ཆོག་ནི།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྒོམ་ཆེན་ཚུ་གིས་ ཧེ་མའི་བཙག་འཐུ་ཚུ་ནང་ ཚོགས་རྒྱན་བཙུགས་ཡོད་རུང་ ད་ལས་ཕར་ བཙག་འཐུའི་བྱ་རིམ་ནང་ གྲལ་གཏོགས་འབད་མི་ཆོག་ཟེར་ དོགས་སེལ་འབདཝ་ཨིན་པས།

དེ་ཡང་ སྤྱི་ཟླ་༨ པའི་ཚེས་༨ ལུ་ བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཚོགས་རྒྱན་དང་འབྲེལ་བའི་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ འགོ་དཔོན་ཚུ་གིས་ སྒོམ་ཆེན་༡༥ ལྷགཔ་ཅིག་གིས་ ཚོགས་རྒྱན་ངོས་འཛིན་འདྲ་པར་ཚུ་ འབག་འགྱོ་མི་ལུ་བརྟེན་ཨིནམ་ད་ གནད་དོན་དེའི་སྐོར་ལས་ རྒཔོ་སངས་རྒྱས་བསྟན་འཛིན་གྱིས་ གཏན་འཁེལ་འབད་ཡི།

ལྷན་ཚོགས་ཀྱི་ ཚོགས་རྒྱན་ཐོ་བཀོད་དང་ ས་མཚམས་ལས་ཁུངས་ཀྱི་འགོ་འཛིན་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ སྒོམ་ཆེན་ཚུ་གིས་ ལྷན་ཚོགས་ལུ་ ཐོབ་བརྗོད་དང་ དགག་བཤེར་མ་འབད་མི་ལུ་བརྟེན་ ཧེ་མའི་བཙག་འཐུ་ཚུ་ནང་ ཚོགས་རྒྱན་བཙུགས་ནུག་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་འབད་བ་ཅིན་ ཞི་བའི་ཐོ་བཀོད་ནང་ སྒོམ་ཆེན་སྦེ་ ཚུད་དེ་ཡོད་པ་ཅིན་ ཐོ་བཀོད་ནང་ལས་ བཏོན་གཏང་འོང་ཟེར་ཨིན་རུང་ ག་གིས་ཡང་ ཁོང་ཆ་ཁྱབ་ སྒོམ་ཆེན་ཨིན་ཟེར་ དགག་བཤེར་འབད་མི་ མ་ཐོན་ཟེར་ཨིན་པས།

བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་ དོན་ཚན་༡༨༤ པ་ནང་ ཆོས་སྒོར་ཞུགས་མི་ཅིག་ བཙག་འཐུ་དང་འབྲེལ་བའི་ བྱ་རིམ་གྱི་ གྲལ་གཏོགས་ལུ་ ཁྱད་ཡིན་མེད་པའི་ ལམ་སྟོན་དང་འཁྲིལཝ་ད་ སྒོམ་ཆེན་དེ་ ཆོས་སྒོར་ཞུགས་མི་སྦེ་ བརྩི་འཇོག་འབད་དེ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༣ ལུ་ གསར་བཏོན་འབད་མི་ ལམ་སྟོན་དང་འཁྲིལཝ་ད་ འབྲུག་པའི་མི་ཁུངས་ཅིག་ཨིན་མི་ ཆོས་སྒོར་ཞུགས་མི་ བླམ་དང་ སྒོམ་ཆེན་ ཨ་ནེམོ་ ཆོསཔ་ ས་དུ་ པཎྜི་ ཡང་ན་ ཆོས་སྒོར་གྱི་ གྱོན་ཆས་གྱོན་མི་ ཁོ/མོ་ག་ར་ཨིན་རུང་ ཆོས་སྡེ་དང་ གཙུག་སྡེའི་འཐུས་མི་ཨིནམ་སྦེ་ བརྩི་འཇོག་འབད་དགོཔ་ཨིན་པས།

བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་/མོ་ ག་ར་ཨིན་རུང་ མིང་ཐོ་ཚུ་ ཞི་བའི་མིང་ཐོ་ནང་ ཆོས་སྒོར་ཞུགས་མི་སྦེ་ ཐོ་བཀོད་མ་འབད་རུང་ ཆོས་སྒོར་ཞུགས་མིའི་ གྱོན་ཆས་ཚུ་ གྱོན་ཏེ་ཡོད་པ་ཅིན་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མི་ཐོབ་ཟེར་ཨིན་པས།

དེ་བཟུམ་སྦེ་ གལ་སྲིད་ མི་ཚུ་ཆོས་སྒོར་ཞུགས་མི་མེན་རུང་ ཐོ་བཀོད་ནང་ ཆོས་སྒོར་ཞུགས་མི་ སྒོམ་ཆེན་ལ་སོགས་པ་སྦེ་ ཚུད་དེ་ཡོད་པ་ཅིན་ ཚོགས་རྒྱན་བཙུགས་ནིའི་ འོས་འབབ་མེད་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ བཙག་འཐུའི་བཅའ་ཁྲིམས་དང་ འཁྲིལ་དགོཔ་བཞིན་དུ་ དགོས་མཁོ་དང་འཁྲིལ་ཏེ་ ཞི་བའི་ཐོ་བཀོད་ནང་ དག་བཅོས་འབད་འོང་ཟེར་ བཀྲིས་རྡོ་རྗེ་གིས་ བཤད་ཅི།

ཨིན་རུང་ ལྷན་ཚོགས་ཀྱིས་ མིང་ཐོ་ཚུ་ ཚོགས་རྒྱན་མཇུག་གི་ ཚེ་གྲངས་ནང་འཁོད་ལུ་རྐྱངམ་གཅིག་ དག་བཅོས་འབད་ཚུགས་ཟེར་ཨིནམ་ད་ ད་རེས་ གནད་དོན་དེ་ཡང་ རྫོང་ཁག་ལ་ལོ་ཅིག་ནང་ བཙག་འཐུ་འགོ་དཔོན་ཚུ་གིས་ ཚོགས་རྒྱན་བཙུགས་མི་ ཟིན་བྲིན་གྱི་ བདེན་དཔྱད་འབད་བར་ འགྱོ་བའི་སྐབས་ ཤེས་རྟོགས་བྱུང་ནུག་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ ཚོགས་རྒྱན་སྐྱུར་མི་དང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ མིང་ཐོ་ཟིན་བྲིས་ཚུ་ བདེན་དཔྱད་འབད་ནིའི་དོན་ལུ་ རང་སོའི་རྫོང་ཁག་དང་ ལྷན་ཚོགས་ཀྱི་ ཡིག་ཚང་ལྟེ་བའི་ནང་བཏང་སྟེ་ ཡོདཔ་བཞིན་དུ་ ཟིན་བྲིས་མིང་ཐོ་ཚུ་ཡང་ ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ www.ecb.bt ནང་ལས་ཡང་ བལྟ་ཚུགས་ནི་ཨིན་པས།

ཚོགས་རྒྱན་བཙུགས་མི་ཚུ་གི་ རང་སོའི་མིང་ཐོ་ཚུ་ སྤྱི་ཟླ་༨ པའི་ཚེས་༡༢ ནང་འཁོད་ལུ་ ཐོབ་བརྗོད་དང་ དགག་བཤེར་འབད་ཚུགས་ནི་ཨིན་པས།

ལམ་སྟོན་དང་འཁྲིལཝ་ད་ བླ་སྤྲུལ་དང་ བླམ་ པཎྜི་ དབུ་མཛད་ ཆོསཔ་ དེ་ལས་ གཞུང་གྲྭ་ཚང་དང་ སློབ་གྲྭ་ བཤད་གྲྭ་ སྒྲུབ་གྲྭ་ ཨ་ནེམོ་ དེ་ལས་ པར་ཚ་ལ་ཚུ་གི་ འཐུས་མི་ཚུ་ཡང་ ཆོས་སྒོར་ཞུགས་མིའི་གྲངས་སུ་ བརྩི་འཇོག་འབད་དགོཔ་ཨིན་པས།

དེ་བཟུམ་སྦེ་ སྒེར་སྡེ་དང་ མི་སྡེ་གྲྭ་ཚང་ ཡང་ཅིན་ ཆོས་སྡེ་ག་ཅི་ལས་ཨིན་རུང་ ཆོས་སྒོར་ཞུགས་མི་སྦེ་ ངོས་ལེན་འབད་དོ་ཡོདཔ་མ་ཚད་ ལམ་སྟོན་ནང་ གོང་འཁོད་ཀྱི་ དབྱེ་ཁག་ནང་ མ་ཚུད་རུང་ གལ་སྲིད་ འབྲུག་གི་ཆོས་སྡེའི་བཅའ་ཁྲིམས་༢༠༠༧ ཅན་མ་དང་ ཆོསཔ་གི་གྱོན་ཆས་ གོ་ལ་གྱོན་སྡོད་པ་ཅིན་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མི་ཐོབ་ཟེར་ཨིན་པས།

འབྲུག་པའི་མི་ཚེ་ནང་ ཆོས་དེ་གལ་གནད་ཅན་ཅིག་ཨིནམ་སྦེ་ ངོས་ལེན་ཀྱི་ཐད་ཁར་ ལམ་སྟོན་ནང་ བཀོད་མིའི་ནང་ ཆོས་སྒོར་ཞུགས་མི་དང་ ཆོས་སྡེ་གཙུག་སྡེ་ཚུ་གིས་ མི་སྡེ་ནང་ དགའ་སྐྱིད་དང་ ཆོས་གོང་འཕེལ་གཏང་ནིའི་དོན་ལུ་ འཕྲོ་མཐུད་དེ་ར་ འབད་དགོཔ་ཨིན་རུང་ ཆོས་སྒོར་ཞུགས་མི་དང་ ཆོས་སྡེ་གཙུག་སྡེ་ཚུ་གིས་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ སྲིད་དང་འབྲེལ་མེད་སྦེ་ སྡོད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།

བཙག་འཐུ་བཅའ་ཁྲིམས་༢༠༠༨ དོན་ཚན་༡༨༤ ཅན་མའི་ དགོངས་དོན་དང་འཁྲིལཝ་ད་ སྤྲུལ་སྐུ་དང་ བླ་མ་ ཡང་ན་ ཆོས་སྒོར་ཞུགས་པའི་ བསྐུལ་ནུས་ལྡན་མི་ཅིག་ ཡང་ན་ ཆོས་ལུགས་ ཡང་ན་ ཆོས་སྡེའི་གཙུག་སྡེ་གང་རུང་ནང་ འཛུལ་ཞུགས་འབད་བའི་ སྤྱིར་བཏང་འཇིག་རྟེན་པའི་གྲལ་ལུ་ མ་ཚུད་མི་ འབྲུག་གི་ཆོས་སྡེ་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལ་ ཆོས་སྡེ་གཙུག་སྡེ་ ཡང་ན་ ཆོས་སྒོར་ཞུགས་མི་སྦེ་ ངོ་སྦྱོར་/ ཐོ་བཀོད་གྲུབ་མི་ཚུ་གིས་ སྲིད་དོན་ཚོགས་པ་ཅིག་ནང་འཛུལ་བ་ ཡང་ན་ བཙག་འཐུའི་རིམ་པ་ནང་ གྲལ་གཏོགས་འབད་དེ་ སྲིད་དོན་ཚོགས་པ་ ཡང་ན་ འདེམས་ངོ་ཅིག་གི་ ཁེ་ཕན་ལུ་དམིགས་ཏེ་ ཁོང་རའི་རྒྱུད་བསྐུལ་གྱི་ ནུས་ཤུགས་ཉེར་སྤྱོད་མ་འཐབ་པར་ སྲིད་དོན་གྱི་ གནས་རིམ་ལས་ ཁྱད་འཕགས་ཐོག་ བཞུགས་དགོ་ཟེར་ཨིན་པས།

ཝང་ཕུག་རྒཔོ་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཧེ་མ་ སྒོམ་ཆེན་ཚུ་གིས་ ཚོགས་རྒྱན་བཙུགས་བཞིན་དུ་ཡོདཔ་ལས་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་བྱིན་རུང་ མ་བཏུབ་མེད་མི་དེ་ཡང་ མ་གཞི་ ཁོང་གིས་ དུས་བཟང་ཚུ་ནང་རྐྱངམ་གཅིག་ ཆོས་སྒོར་ཞུགས་ནི་ཡོདཔ་ལས་ དུས་ཚོད་སོ་སོ་ནང་ སྤྱིར་བཏང་ སོ་ནམ་གྱི་ ལཱ་ཚུ་འབདཝ་མས་ཟེར་ཨིན་པས།

སྒོམ་དར་རྒཔོ་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ མ་གཞི་ རྒེད་འོག་ནང་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཝང་ཕུག་བཟུམ་སྦེ་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་རུང་ རྒེད་འོག་དེ་ནང་ལས་ ཚོགས་རྒྱན་ངོས་འཛིན་འདྲ་པར་ ཕུད་རྡོག་གཅིག་ཡང་ མ་འབག་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *