སྤྱི་ཟླ་༨ པའི་ཚེས་༤ གི་དྲོ་པར་ གཙང་ཆུའི་སྦུག་ལུ་ ཐོགས་ལུས་མི་ བོ་ལི་རོ་སྣུམ་འཁོར་དེ་ ཁྲིམས་སྲུང་དང་ བདེ་སྲུངཔ་ དེ་ལས་ དེད་གཡོགཔ་གཞན་ཚུ་གིས་ དུས་ཡུན་ཆུ་ཚོད་༥ དེ་ཅིག་གི་རྒྱབ་ལས་རྐྱངམ་གཅིག་ ཕྱི་ཁར་བཏོན་ཚུགས་ནུག།

སྒོམ་ཀྲུ་དང་ བསམ་རྩེའི་བར་ན་ཡོད་མི་ ཁ་ན་བར་ཏི་གཙང་ཆུ་བྲེས་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༤ གི་དྲོ་པའི་ཆུ་ཚོད་༡༠ དེ་ཅིག་ཁར་ དེད་གཡོགཔ་བརྩིས་ཏེ་ འགྲུལ་པ་༥ འབག་མི་ སྣུམ་འཁོར་བོ་ལི་རོ་ཅིག་ ཁ་ན་བར་ཏི་གཙང་ཆུ་བརྒལ་ཏེ་ འགྱོ་ནི་གི་ དཔའ་བཅམ་ད་ ཆུ་ནང་ཐོགས་ལུས་སོཔ་ཨིན་པས།
སྣུམ་འཁོར་དེ་ བསམ་རྩེ་ལས་ སྒོམ་ཀྲུ་ལུ་འོངམ་ད་ གཙང་ཆུ་བྲེས་མིའི་སྦུག་ལུ་ ཐོགས་ལུས་ཡོདཔ་ད་ ཁ་ན་བར་ཏི་གཙང་ཆུ་དེ་ བསམ་རྩེ་ལས་ ཀི་ལོ་མི་ཊར་༤ དེ་ཅིག་གི་ས་ཁར་ཡོདཔ་ཨིན་པས།
ལམ་འགྲུལཔ་ཚུ་གི་གྲས་ཁར་ བསམ་རྩེ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ གཉེན་ཐམ་བཏོག་པར་སོང་མི་ བཟའ་གྲོགས་དང་ ཁོང་རའི་ཨ་ལོ་རྨས་སྐྱེས་ཟླཝ་༣ ལང་མི་ཡོདཔ་ཨིན་པས།
མ་གཞི་ ལམ་འགྲུལཔ་ཚུ་ གཙང་ཆུའི་མཐའ་མར་ ཉེན་སྲུང་དང་ལྡནམ་སྦེ་ བཏོན་ཚུགས་ཡོད་རུང་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ སཁ་བླངས་པ་ཚུ་གིས་ ཆུའི་སྦུག་ལུ་ ཐོགས་ལུས་མི་ བོ་ལི་རོ་སྣུམ་འཁོར་དེ་ ཕྱི་རུའི་ཆུ་ཚོད་༣ ལུ་རྐྱངམ་གཅིག་ ཕྱི་ཁར་བཏོན་ཚུགས་ཡོདཔ་ཨིན་པས།
འཁོར་ལམ་གྱི་ མཐུད་སྦྲེལ་ཚུལ་ལྡན་མེད་པའི་གདོང་ལེན།
འཁོར་ལམ་གྱི་ མཐུད་སྦྲེལ་ལེགས་ཤོས་མེད་མི་ལུ་བརྟེན་ སྒོམ་ཀྲུའི་མི་སེར་ཚུ་ འདི་བཟུམ་མའི་ དཀའ་སྡུག་ཐོག་ རྒྱུན་འགྲུལ་འཐབ་སྟེ་ ཟླཝ་ལང་ཡོདཔ་ཨིན་པས།
སྒོམ་ཀྲུ་དེ་ ནད་ཡམས་ཀོ་བིཌ་-༡༩ དང་ གནམ་བྱཱར་གྱི་ ཆར་ཆུ་ལུ་བརྟེན་ ཐོ་ཕོག་སྟེ་ཡོདཔ་ད་ མ་གཞི་ དུས་ཅི་ སྤྱི་ཟླ་༥ པའི་ནང་ སྒོམ་ཀྲུ་དེ་ ཕུན་ཚོགས་གླིང་དང་ མཐུད་སྦྲེལ་འབད་ནིའི་དོན་ལུ་ ནང་འཁོད་འཁོར་ལམ་གསརཔ་ བཏོན་ནི་གི་ ལཱ་འགོ་བཙུགས་ཡོད་རུང་ གནམ་བྱཱར་ཆར་ཆུ་གིས་ ལམ་སེལ་ནི་དེ་ ཡུན་འགྱངས་ལུས་ཡོདཔ་ཨིན་པས།
དེ་འབདཝ་ལས་ སྒོམ་ཀྲུ་ལུ་ སྡོད་མི་ཚུ་གིས་ བསམ་རྩེ་དང་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་དང་ རྒྱུན་འགྲུལ་འཐབ་ནིའི་དོན་ལུ་ ཁ་ན་བར་ཏི་གཙང་ཆུ་བརྒྱུད་དེ་ གཞུང་འབྲེལ་མིན་པའི་ འཁོར་ལམ་ཀི་ལོ་མི་ཊར་༢༠ འབད་མི་ ལག་ལེན་འཐབ་ནི་མ་གཏོགས་ གཞན་མེདཔ་ཨིན་པས།
སྒོམ་ཀྲུ་ལས་ བོ་ལི་རོའི་དེད་གཡོགཔ་ བྷ་རཱཊ་བྷུ་ཇེལ་གྱིས་ སླབ་མིའི་ནང་ ལམ་གྱི་གནས་སྟངས་སྐྱོ་དྲགས་བདའ་ རྒྱུན་འགྲུལ་འཐབ་སྟེ་ ཟླཝ་ལང་སོ་ཡི་ཟེར་ཨིནམ་ད་ ཁ་ན་བར་ཏི་ལམ་མེད་པ་ཅིན་ སྒོམ་ཀྲུ་ལས་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ འགྱོ་སར་མིན་འདུག་ཟེར་ཨིན་པས།
ད་རེས་ནངས་པར་ སྒོམ་ཀྲུའི་ཚོང་པ་ཚུ་ བསམ་རྩེ་དང་ ཡང་ཅིན་ ཕུན་ཚོགས་གླིང་ལུ་ འགྱོ་དགོ་པ་ཅིན་ ཁ་ན་བར་ཏི་གཙང་ཆུའི་ རྒྱུན་ལམ་ལག་ལེན་འཐབ་དགོཔ་ཨིན་པས།
མི་ཚུ་གིས་ ཉེན་ཁ་འབག་སྟེ་ ལམ་འགྲུལ་འབདཝ་དང་འབྲེལ་ ཕར་ཚུར་རྒྱུན་འབྲེལ་འཐབ་ད་ བོ་ལི་རོ་རེ་གིས་ གླ་ཆ་དངུལ་ཀྲམ་༢,༥༠༠ ལས་༤,༠༠༠ ཚུན་ ལེན་དོ་ཡོདཔ་ལས་ ཟད་འགྲོ་ལྕི་དྲགས་གནས་མི་དེ་ཡང་ སྣུམ་འཁོར་ཚུ་ གཙང་ཆུ་བརྒལ་ཏེ་ འགྱོ་དགོཔ་ལས་ ཉེན་ཁ་འབག་དགོ་ནི་དེ་གིས་ཨིན་པས་ཟེར་ མི་ཚུ་གིས་ བཤདཔ་ཨིན་པས།
སྒོམ་ཀྲུའི་ཚོང་པ་ སྐྱེས་ལོ་༧༠ ལང་མི་ ཀཱན་ཅི་རའེ་གིས་འབད་བ་ཅིན་ མོ་ ཉོ་ཚོང་རྐྱབ་པར་ བསམ་རྩེ་ལུ་ ཟླཝ་༡ ནང་ཚར་རེ་ འགྱོ་དོ་ཟེར་ཨིནམ་ད་ ད་རེས་ནངས་པར་ ལམ་འགྲུལ་འབད་ནི་ལུ་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཡོད་རུང་ ལམ་གཞན་མེདཔ་ལས་ ཁ་ན་བར་ཏི་ལས་མ་འགྱོ་བར་ ཐབས་མིན་འདུག་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *