སྒེར་སྡེ་སློབ་གྲྭ་ཚོགས་སྡེ་གིས་ གཞུང་ལས་ ངོས་ལེན་ལེགས་ཤོམ་འཐོབ་ནི་གི་རེ་བ།

༉ འབྲུག་གི་སྒེར་སྡེ་སློབ་གྲྭ་ཚོགས་སྡེ་གིས་ སྤྱི་ཟླ་༡༡ པའི་ཚེས་༥ ལུ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་ལུ་ ཞུ་ཡིག་དང་ མདུན་སྐྱོད་ཀྱི་ གྲོས་འཆར་ཚུ་ ཕུལ་ཡོདཔ་ལས་ ད་ལྟོ་ ལན་གསལ་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
གྲོས་འཆར་དེ་ཡང་ བློན་ཆེན་དང་ ཞལ་འཛོམས་དང་པ་འཚོགས་པའི་སྐབས་ སྤྱི་ལོ་༢༠༡༩ གི་ གནས་སྟངས་དབྱེ་ཞིབ་ཀྱི་ བསམ་གཞི་ཕུལ་བའི་ཤུལ་ལས་ བློན་ཆེན་གྱིས་ ཚོགས་སྡེ་ལུ་ གཞུང་གི་ངོས་ལེན་དང་ མདུན་སྐྱོད་འབད་ནི་ལུ་ གྲོས་འཆར་བཙུགས་དགོཔ་སྦེ་ གསུངས་མི་དང་འཁྲིལ་ ཕུལ་ཡོདཔ་ཨིན་པས།
དུས་ཅི་ གཞུང་གིས་ སློབ་རིམ་༡༠ པའི་ནང་ སྐུགས་ཀྱི་ཚད་གཞི་ མེདཔ་བཟོ་སྟེ་ སློབ་རིམ་༡༡ པའི་ སློབ་ཕྲུག་༧,༨༠༨ དེ་ཅིག་ འཛུལ་ཞུགས་འབད་མི་ལུ་བརྟེན་ སྒེར་གྱི་སློབ་གྲྭ་ མང་ཤོས་ཅིག་ལུ་ གྱོང་རྒུད་ཕོག་ ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ སྒེར་གྱི་སློབ་གྲྭ་༢༡ གིས་ གཞུང་གི་སློབ་གཉེར་གྲོགས་རམ་ ཕྱི་སྡོད་སློབ་ཕྲུག་ཚུ་གི་དོན་ལས་ དངུལ་ཀྲམ་༣༠,༠༠༠ དང་ ནང་སྡོད་སློབ་ཕྲུག་ཚུ་ལུ་ དངུལ་ཀྲམ་༥༠,༠༠༠ ཐོབ་མི་ སློབ་ཕྲུག་༤,༢༥༥ རྐྱངམ་གཅིག་ ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༢༠ གི་སློབ་དུས་ལས་ གཞུང་གི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་༢,༠༠༠ དང་ སྤྱི་ལོ་༢༠༢༡ ལས་ སློབ་ཕྲུག་ག་ར་ གཞུང་གིས་ ལེན་ནི་གི་ དམིགས་གཏད་ཡོད་མི་ལུ་བརྟེན་ སྒེར་གྱི་སློབ་གྲྭ་ཚུ་གིས་ སློབ་ཕྲུག་ཕུད་རྡོག་གཅིག་ཡང་ འཐོབ་མི་ཚུགས་ནི་ཨིནམ་ལས་ བློན་ཆེན་ལུ་ ཞུ་བ་ཕུལ་ནུག།
ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གིས་ གློ་བུར་དུ་ སློབ་རིམ་༡༠ པ་ལས་ སྐུགས་ཚད་མེད་པའི་ སྲིད་བྱུས་བཟོ་མི་ལུ་བརྟེན་ སྒེར་གྱི་སློབ་གྲྭ་ཚུ་གིས་ ཕྱིར་ཐོན་གྱི་ ཐབས་ལམ་བཏོན་ནི་ལུ་ དུས་ཚོད་གངམ་ མ་ཐོབ་ལས་ སྒེར་གྱི་སློབ་གྲྭའི་ ཇོ་བདག་ཚུ་གིས་ ཞུ་གཏུགས་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ གནད་དོན་ལེ་ཤ་ཅིག་ནང་ར་ འཐུས་ཤོར་བྱུང་ཡོདཔ་བཞིན་དུ་ གལ་སྲིད་ གཞུང་གིས་ སློབ་ཕྲུག་ཆ་མཉམ་ ལེན་པ་ཅིན་ སྒེར་གྱི་སློབ་གྲྭ་ མང་ཤོས་ཅིག་ སྒོ་བསྡམ་དགོཔ་ འབྱུང་འོང་ཟེར་ཨིན་པས།
ལོ་ངོ་༣༤ དེ་ཅིག་གི་ཧེ་མལ་ སྒེར་གྱི་སློབ་གྲྭ་གཞི་བཙུགས་ཐོག་ དོན་སྨིན་ཅན་སྦེ་ ཞབས་ཏོག་ཞུ་མི་ཚུ་ཡང་ ད་རེས་ གྱོང་རྒུད་ཕོག་སྟེ་ཡོད་ཟེར་ ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྒེར་སྡེ་སློབ་གྲྭ་ཚོགས་སྡེ་གིས་ གྲོས་འཆར་༢ ཕུལ་ཡོད་མི་ལས་ དང་པའི་ནང་ གཞུང་གི་ཁ་ཐུག་ལས་ སྐུགས་ཀྱི་ཚད་གཞིའི་ ལམ་ལུགས་དེ་ རྩ་བ་ལས་ར་ ཕྱིར་བཏོན་འབད་དགོ་ཟེར་ཨིན་པས།
ད་ལྟོ་ སློབ་རིམ་༡༡ པའི་ནང་ དཔེ་ཆ་ལྷབ་པའི་བསྒང་ཡོད་མི་ སློབ་ཕྲུག་༡༣,༧༧༩ གིས་ ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་མི་ཚུ་ལུ་ འཕྲོ་མཐུད་ཤེས་ཡོན་བལྟ་ནིའི་དོན་ལུ་ ཤེས་རིག་གི་ འཐུས་སྤྲོད་དགོ་པའི་ཁར་ ཤེས་རིག་ལྷན་ཁག་གིས་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ བགོ་བཀྲམ་འབད་ནི་ མི་འོང་ཟེར་ཨིན་པས།
དེ་ལས་ གཞུང་གི་སློབ་གྲྭའི་སྲིད་བྱུས་དང་འཁྲིལ་ཏེ་ རང་གི་བདེ་སྡུག་དང་བསྟུན་ སློབ་ཕྲུག་ཚུ་གིས་ ཤེས་ཡོན་སྦྱང་ནིའི་དོན་ལུ་ སྒེར་དང་གཞུང་གི་སློབ་གྲྭ་ནང་ གདམ་ཁ་རྐྱབ་ནི་ལུ་ གོ་སྐབས་བྱིན་དགོ་ཟེར་ གྲོས་འཆར་ནང་བཀོད་ནུག།
ཨིན་རུང་ སློབ་གྲྭ་གིས་ རང་སོའི་ཤོམ་ཚད་དང་འཁྲིལ་ཏེ་ སློབ་ཕྲུག་ཚུ་ ལེན་དགོ་པའི་ཁར་ སློབ་གཉེར་གྲོགས་རམ་དེ་ཡང་ བསྐྱར་ཞིབ་འབད་དགོ་པ་ཅིན་ སློབ་གྲྭ་ཚུ་གིས་ གྲུབ་འབྲས་ལེགས་ཤོམ་ འཐོན་ཚུགས་ནི་ཨིནམ་ལས་ དེ་གིས་ སློབ་ཕྲུག་ཚུ་གི་ ཡིད་འཕྲོག་ཚུགས་པའི་ ཁེ་ཕན་ཡོད་ཟེར་ ཚོགས་སྡེ་གིས་ བཤདཔ་ཨིན་པས།
གཞུང་གིས་ སྲིད་བྱུད་བསྒྱུར་བཅོས་འབད་མི་གིས་ སྒེར་གྱི་སློབ་གྲྭ་ལ་ལོ་ཅིག་ མ་རྩ་རྩ་སྟོང་ཐལ་ནིའི་ ཉེན་ཁ་ཡོདཔ་བཞིན་དུ་ རྒྱལ་ཡོངས་ཀྱི་ རྒྱུ་དངོས་ལུ་ གྱོང་རྒུད་ཕོག་འོང་ཟེར་ཨིནམ་ད་ ད་རེས་ སྒེར་གྱི་སློབ་གྲྭ་ཚུ་གིས་ མི་གྲངས་༡,༠༠༠ དེ་ཅིག་ལུ་ ལཱ་གཡོག་སྤྲོད་དེ་ཡོད་ཟེར་ གྲོས་འཆར་ནང་བཀོད་ནུག།
སློབ་གཉེར་གྲོགས་རམ་དེ་ འཕྲོ་མཐུད་བྱིན་ཐོག་ལས་ སློབ་ཕྲུག་གི་གྱངས་ཁ་དེ་ སྤྱི་ལོ་༢༠༡༩ བཟུམ་སྦེ་ར་ བཞག་པ་ཅིན་ སྒེར་གྱི་སློབ་གྲྭ་ཚུ་གིས་ ལོ་༡ དེ་ཅིག་ མ་འོངས་འཆར་གཞི་ཚུ་ བཟོ་ནི་གི་ གོ་སྐབས་འཐོབ་ནི་མས་ཟེར་ཨིན་པས།
ཨིན་རུང་ ཤེས་རིག་ལྷན་ཁག་གིས་ སློབ་ཕྲུག་དཀའ་ངལ་ཅན་ཚུ་ ངོས་འཛིན་འབད་མི་ཡང་ ནང་སྡོད་མཐུན་རྐྱེན་ཡོད་མི་ སློབ་གྲྭ་ཚུ་དང་ བརྗེ་སོར་འབད་དགོ་མི་གིས་ ཨ་ལོ་ཕུད་རྡོག་གཅིག་ཡང་ ཤེས་ཡོན་ལྷབ་ནི་གི་ གོ་སྐབས་མ་ཐོབ་པར་ མི་བཞག་ནི་གི་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
གཞུང་གིས་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་འབད་ནི་གི་ ངོས་ལེན་འབད་ཡོདཔ་ད་ ཤེས་ཡོན་གྱི་ སྐུགས་ཚད་དང་འཁྲིལ་ཏེ་ ཕྲུག་ཚུ་ ཕྱི་སེལ་འབདཝ་ཨིན་རུང་ སློབ་རིམ་༡༠ པ་ལས་ སྐུགས་ཚད་མེདཔ་ མ་བཟོ་བར་འདུག་ཟེར་ གྲོས་འཆར་ནང་བཀོད་ནུག།
སློབ་རིམ་༡༠ པའི་ནང་ གཞུང་གི་ཆོས་རྒྱུགས་འགོ་འདྲེན་འཐབ་མི་དེ་ ཤེས་ཡོན་གྱི་ སྐུགས་ཚད་ལུ་ གཞི་བཞག་ཐོག་ལས་ གཞུང་གི་སློབ་གྲྭ་ཚུ་ནང་ ས་སྟོང་ཚད་གཅིག་ལས་བརྒལ་མེདཔ་ལས་ སློབ་ཕྲུག་ཚུ་ ཕྱི་སེལ་འབད་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིན་པས།
གཞུང་གིས་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ སློབ་གཉེར་གྲོགས་རམ་བྱིན་ནིའི་ ལམ་ལུགས་འགོ་བཙུགས་ཏེ་ གཞི་རྟེན་ཤེས་ཡོན་གྱི་ ཚད་གཞི་དེ་ སློབ་རིམ་༡༢ པ་ལུ་ ཡར་སེང་འབད་ཡོདཔ་ལས་ སློབ་རིམ་༡༠ པའི་ནང་ གཞུང་གི་ ཆོས་རྒྱུགས་རྐྱབ་ནི་ལུ་ འོས་འབབ་ཡང་ མ་མཐོང་ཟེར་ གྲོས་འཆར་ནང་བཀོད་ནུག།
ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཤེས་རིག་ལྷན་ཁག་ལས་ ཞུ་གཏུགས་ཀྱི་ ལན་གསལ་མ་ཐོབ་ལས་ བློན་ཆེན་ལུ་ ཕུལ་ཡོད་ཟེར་ཨིན་པས།
བློན་ཆེན་ཡིག་ཚང་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གྲོས་འཆར་དེ་ ཡིག་ཚང་ནང་ ལྷོད་པའི་ཤུལ་ལས་ གྲོས་འཆར་དང་འཁྲིལ་ཏེ་ འོས་འབབ་ཚུ་ བལྟ་དགོཔ་སྦེ་ ཤེས་རིག་ལྷན་ཁག་ལུ་ བཏང་ཡོདཔ་ལས་ ལན་གསལ་མ་ཐོབ་ཟེར་ཨིན་པས།
བཀང་ལུང་ལུ་ཡོད་མི་ སྐལ་སྐྱིད་དང་ མོང་སྒར་ཤེས་རབ་རལ་གྲི་སློབ་གྲྭ་༢ ཀྱིས་ སློབ་གྲྭ་འཛིན་སྐྱོང་འབད་ནི་ལུ་ གྱོང་རྒུད་ཕོག་པའི་ཤུལ་ལས་ སློབ་གྲྭ་དེ་ གཞུང་ལུ་ རྩིས་སྤྲོད་འབད་ནི་སྦེ་ ཤེས་རིག་ལྷན་ཁག་དང་ བློན་ཆེན་ལུ་ ཐོ་གཏུགས་ཡི་གུ་བཙུགས་ནུག།
ཤེས་རབ་རལ་གྲི་སློབ་གྲྭའི་ ཇོ་བདག་ཅིག་གིས་འབད་བ་ཅིན་ སློབ་གྲྭ་དེ་ གཞུང་ལུ་ གླ་ཁར་ ཡང་ཅིན་ ལག་ཤེས་དང་ རིག་རྩལ་ཤེས་ཡོན་གྱི་དོན་ལུ་ མཐུན་རྐྱེན་ཚུ་ མཉམ་འབྲེལ་ཐོག་ལས་ ལག་ལེན་འཐབ་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིནམ་ད་ ད་རེས་ གཞུང་གིས་ ལག་ཤེས་དང་ རིག་རྩལ་ཤེས་ཡོན་ལས་རིམ་ ལེགས་བསྒྱུར་འབད་ནི་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
ཇོ་བདག་ཅིག་གིས་ སླབ་མིའི་ནང་ སློབ་གྲྭ་དེ་ གྱོང་རྒུད་དང་ སྐྱིན་ཚབ་བཏབ་མ་ཚུགས་པར་ ལཱ་ཁག་བཏང་མི་ལུ་བརྟེན་ ཐབས་ར་མེད་པར་ ཞུ་གཏུགས་འབད་དགོཔ་ བྱུང་ཡི་ཟེར་ཨིནམ་ད་ དུས་ཅི་ སློབ་གྲྭ་ནང་ སློབ་ཕྲུག་ཚད་གཅིག་ལས་བརྒལ་ མ་ཐོབ་ལས་ སློབ་གྲྭ་གསར་རྐྱབ་པའི་ ཟད་འགྲོ་བཏོན་མ་ཚུགས་ཟེར་ཨིན་པས།
སྐལ་སྐྱིད་སློབ་གྲྭའི་ སློབ་དཔོན་༣ དེ་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་བའི་ཁར་ སློབ་དཔོན་༤ དགོངས་ཞུ་བཏང་དགོཔ་བྱུང་ཡི་ཟེར་ ཇོ་བདག་གིས་ སླབ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *