སྒེར་གྱི་སློབ་གྲྭའི་ སློབ་འཐུས་རྩོད་རྙོགས་དེ་ སློབ་གྲྭ་དང་ ཕམ་ཚུ་ནང་དོག་ལུ་ སེལ་ ཐབས་འབད་དགོཔ།

༉ སྒེར་གྱི་སློབ་གྲྭ་དང་ སློབ་ཕྲུག་གི་ཕམ་ཚུ་གི་བར་ན་ སློབ་འཐུས་ཀྱི་སྐོར་ལས་ རྩོད་རྙོགས་ཐོན་མི་དེ་ ཁོང་ར་ནང་དོག་ལུ་ གྲོས་བསྟུན་འབད་དེ་ བདེ་སྒྲིག་བཟོ་དགོ་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ ཤེས་རིག་བློན་པོ་ ཇའི་བིར་རའི་གིས་ སླབ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ སློབ་ཕྲུག་གི་ཕམ་ཚུ་གིས་ ཨ་ལོ་ཚུ་ ད་རེས་ སློབ་གྲྭ་ནང་ འགྱོ་ནི་མེདཔ་ལས་ འཐུས་ཚངམ་སྦེ་ར་ སྤྲོད་དགོཔ་མིན་འདུག་ཟེར་སླབ་མི་དང་ སྒེར་གྱི་སློབ་གྲྭ་ཚུ་གིས་ཡང་ སློབ་དཔོན་ཚུ་ལུ་ ཟླ་རིམ་གྱི་ དངུལ་ཕོགས་སྤྲོད་དགོཔ་ལས་ སློབ་འཐུས་དགོ་ཟེར་མི་༢ ཆ་ར་ལུ་ བདེན་པ་འདུག་ཟེར་ཨིན་པས།
རྩ་ཕན་༢ ཆ་ར་ལུ་ བདེན་པ་ཡོདཔ་ལས་ གྲོས་ཐག་གཅད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ལྷན་ཁག་གིས་ འཐུས་ཀྱི་ཚད་གཞི་དང་ སློབ་སྟོན་གྱི་སྤུས་ཚད་ཚུ་ བལྟ་ནི་མ་གཏོགས་ འཐུས་སྤྲོད་དགོཔ་དང་ མ་དགོ་པའི་ གྲོས་ཐག་བཅད་ནིའི་ དབང་ཚད་མེད་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ སྒེར་གྱི་སློབ་གྲྭའི་བཀོད་ཚོགས་དང་ སློབ་དཔོན་ དེ་ལས་ ཕམ་ཚུ་གིས་ གྲོས་བསྟུན་འབད་དེ་ གྲོས་ཐག་གཅད་དགོ་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་མིའི་ནང་ ད་ལྟོའི་གནས་སྟངས་དེ་ ག་དེ་འབད་ཨིན་རུང་ བྱ་སྟབས་མ་བདེ་ཁག་ཁ་ཅིག་ ཨིན་མས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཕམ་ཚུ་གིས་ འཐུས་སྤྲོད་དགོ་ཟེར་སླབ་པ་ཅིན་ སློབ་གྲྭ་ཚུ་ ལོག་ནམ་སྒོ་ཕྱེ་འོང་ག་ སླབ་མི་ཤེས་པས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ སྤྲོད་མི་དགོ་ཟེར་བ་ཅིན་ སྒེར་གྱི་སློབ་གྲྭ་ཚུ་ ཚོང་འབྲེལ་ལས་སྡེ་འབད་ནི་དེ་གིས་ སློབ་དཔོན་ཚུ་ལུ་ དངུལ་ཕོགས་སྤྲོད་དགོཔ་ད་ ཚོང་འབྲེལ་རྒྱུན་སྐྱོང་ཐོག་ལས་ བཞག་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ གནས་སྟངས་འདི་ནང་ སློབ་གྲྭ་དང་ སློབ་ཕྲུག་གི་ཕམ་ཚུ་ ཚོང་པ་དང་ ཚོང་མགྲོན་པ་བཟུམ་སྦེ་ མནོ་བསམ་བཏང་ཐོག་ལས་ ཚོང་འབྲེལ་གྱི་གཞི་རྩ་ དུམ་གྲ་ཅིག་གིས་ བསྒྱུར་བཅོས་འབད་ཐོག་ལས་ བདེ་སྒྲིག་འབད་བ་ཅིན་ ལེགས་ཤོམ་འགྱོ་འོང་ཟེར་ཨིན་པས།
སློབ་ཕྲུག་གི་ཕམ་དང་ སློབ་གྲྭ་ཚུ་གིས་ ཨ་རྟག་ར་ གཞུང་གིས་ག་སླབ་མི་དེ་ར་ འབད་སྡོད་ནི་མེན་པར་ འཕྲལ་འཕྲལ་ རང་ར་སོ་སོར་གྱིས་ བསྟུན་གྲོས་འབད་དེ་ གནས་སྐབས་ཐོག་ལས་ ལཱ་འབད་དགོཔ་ཡང་ ཁག་ཆེ་ཟེར་ཨིན་པས།
སྤྱིར་བཏང་ཕམ་ལ་ལོ་ཅིག་གིས་འབད་བ་ཅིན་ ད་རེས་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ འགྱོ་དགོཔ་མེདཔ་ལས་ སློབ་འཐུས་ཚུ་ རྩ་ལས་ར་ སྤྲོད་དགོཔ་མིན་འདུག་ཟེར་ མནོ་མི་ཡང་ཡོདཔ་ད་ ལ་ལོ་ཅིག་གིས་འབད་བ་ཅིན་ སློབ་དཔོན་ཚུ་གིས་ ཡོངས་འབྲེལ་ཐོག་གི་ སློབ་སྟོན་ཚུ་ འཕྲོ་མཐུད་དེ་ར་ འབད་དོ་ཡོད་རུང་ སློབ་གྲྭའི་་འཐུས་ཚུ་ ལག་ལེན་འཐབ་དགོཔ་མེདཔ་ལས་ དུམ་གྲ་ཅིག་འབད་རུང་ ཡང་ཅིན་ བརྒྱ་ཆ་༥༠ མར་ཕབ་འབད་དགོཔ་འདུག་ཟེར་ སླབ་ཨིན་པས།
དུས་ཅི་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ དཔེ་ཆ་ལྷབ་མི་ སློབ་རིམ་༡༢ པའི་ སློབ་ཕྲུག་ཚུ་གི་དོན་ལུ་ འཐུས་སྤྲོད་ཡོདཔ་ཨིན་རུང་ སློབ་རིམ་༡༡ པའི་ནང་ འཛུལ་ཞུགས་འབད་མི་ཚུ་གི་དོན་ལུ་ ད་ལྟོ་ གཞུང་གིས་ འཐུས་མ་སྤྲོད་པར་ ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གསེར་ཐིག་རྒེད་འོག་ སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་དེ་ ལོ་ལེ་ཤ་མ་ལང་རུང་ གསང་སྤྱོད་དང་འཐུང་ཆུ་ གློག་མེ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ མི་ཚུ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས། ད་རེས་ དུར་ཁྲོད་དེ་ནང་ …

Leave a Reply

Your email address will not be published. Required fields are marked *