ཉམས་བཅོས་འབད་རན་ཁར་ལྷོད་མི་ སྒང་གུ་ལ་ཚོད་བསྲེ་བཙོང་ཁྱིམ།

སྒང་གུ་ལ་ཚོད་བསྲེ་བཙོང་ཁྱིམ་ ཉམས་བཅོས་འབད་རན་ཁར་ ལྷོད་ཡོདཔ།

༉ མོང་སྒར་ ཆ་གླིངཔ་ཚུ་གིས་ ཁོང་རའི་ སོ་ནམ་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ གཞུང་ལམ་ཁར་ ཚོང་འབྲེལ་འཐབ་སྟེ་ འོང་འབབ་བཟོ་ས་གཙོ་ཅན་ཅིག་ཨིན་མི་ སྒང་གུ་ལ་ཚོད་བསྲེ་བཙོང་སའི་ཁྱིམ་དེ་ ས་རུད་ཀྱིས་ མེདཔ་བཏང་མི་ལུ་བརྟེན་ ད་རེས་ནངས་པར་ བཙོང་ས་མེདཔ་ཨིན་པས།
ཨ་རྟག་འབད་བ་ཅིན་ མོང་སྒར་ལས་ གླིང་མེད་ཐང་བལྟ་སྟེ་ ཀི་ལོ་མི་ཊར་༡༣ དེ་ཅིག་གི་ས་ཁར་ ལྷུན་རྩེ་ལུ་འགྱོ་སའི་ འཁོར་ལམ་རྒྱ་གྲམ་ཁར་ ཚོད་བསྲེ་བཙོང་སའི་ ཁྱིམ་ཅིག་རྐྱབ་ཡོད་སར་ མང་ཤོས་ ཉེ་འདབས་ཀྱི་ཆ་གླིང་གཡུས་ཚན་ཚུ་ནང་ལས་ ཉིནམ་ཨ་རྟག་ར་ སོ་ནམ་པ་༢༠ དང་༣༠ གི་བར་ན་ རང་སོའི་ སོ་ནམ་དང་སྒོ་ནོར་ཐོན་སྐྱེད་ཚུ་ བཀྲམ་བཞག་སར་ འགྲུལ་པ་ཚུ་གིས་ ཉོ་ཚོང་རྐྱབ་སྟེ་ འུར་བྱེལ་འཐབ་སར་ མཐོངམ་ཨིན་པས།
དེ་མ་ཚད་ ཙ་ཀ་གླིང་རྒེད་འོག་དང་ ལྷུན་རྩེ་རྫོང་ཁག་ཚུ་ནང་ལས་ཡང་ རང་སོའི་ཐོན་སྐྱེད་ཚུ་ བཙོང་པར་འབག་དོ་ཡོདཔ་ཨིན་རུང་ མང་ཤོས་ར་ སྦུང་ཚོང་སྦེ་ བཙོང་ཞིནམ་ལས་ ལོག་ཁྱིམ་ནང་འགྱོ་དོ་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་ཁབ་ནང་ འགྲོ་འགྲུལ་བཀག་དམ་མ་འབདཝ་ཅིག་གི་ཧེ་མ་ལས་ ཚོད་བསྲེ་བཙོང་ཁང་ལུ་ སེར་གུ་སྦོམ་ཡོདཔ་ལས་ ས་གནས་ཀྱི་ སོ་ནམ་དང་སྒོ་ནོར་ཐོན་སྐྱེད་བཙོང་མི་ཚུ་ གནས་སྐབས་ཅིག་ ས་ཁོངས་དེ་ནང་ལས་ ཚོང་འབྲེལ་འཐབ་ནི་ བཀག་ཆ་འབད་ཡོདཔ་ད་ འགྲོ་འགྲུལ་བཀག་དམ་ ཡངས་སུ་བཟོ་བའི་ཤུལ་ལས་ཡང་ སྔར་བཞིན་དུ་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ་ཨིན་པས།
ས་ཁོངས་དེ་ནང་ གཏན་འཇགས་སྦེ་ ཚོད་བསྲེའི་རིགས་དང་ ཤིང་འབྲས་ གེ་ཟ་སྲིབ་ སྒོང་རྡོག་ཚུ་བཙོང་མི་ ཆ་གླིང་རྒེད་འོག་ ཝང་མ་མཁར་ལས་ སྐྱེས་ལོ་༥༤ ལང་མི་ པདྨ་སྒྲོལ་མ་གིས་ སླབ་མིའི་ནང་ ཧེ་མ་ ཚོད་བསྲེ་བཙོང་སའི་ ཁྱིམ་ནང་སྡོད་དེ་ བཙོང་པའི་སྐབས་ ངང་ལག་ཤིང་ཅིག་གིས་ འོང་འབབ་དངུལ་ཀྲམ་༢,༠༠༠ དེ་ཅིག་ འཐོབ་ནི་ཡོད་རུང་ ད་རེས་ ཚོད་བསྲེ་ཚོང་པ་ཚུ་གིས་ སྒོ་ཁ་ལས་ བསྡུ་འབག་འགྱོཝ་ད་ དངུལ་ཀྲམ་༣༥༠ དེ་ཅིག་ལས་ མི་ཐོབ་པས་ཟེར་ཨིནམ་ད་ ཚོད་བསྲེ་ཚུ་ཡང་ གོང་ཚད་མར་ཕབ་འབད་དེ་ བཙོང་དོ་ཟེར་ཨིན་པས།
ཆ་གླིང་ལྷ་ཁང་གི་ས་ཁོངས་ནང་ལས་ སོ་ནམ་པ་ བྱང་ཆུབ་ཀྱིས་ སླབ་མིའི་ནང་ སྒང་གུ་ལ་ཚོད་བསྲེ་བཙོང་སའི་ས་ཁོངས་དེ་གིས་ ཟད་འགྲོ་ཐེབས་བཏང་སྟེ་ མོང་སྒར་ལུ་འགྱོ་མ་དགོ་པར་ ཁྱིམ་གྱི་སྦོ་ལོགས་ཁར་ འོང་འབབ་བཟོ་ཚུགས་པའི་ ཕན་ཐོགས་བྱུང་ཡོད་རུང་ ད་རེས་སྐབས་ཅིག་ མེདཔ་ཐལ་ཡོད་མི་དེ་ འཕྲལ་མགྱོགས་ར་ ཉམས་བཅོས་འབད་བའི་ རེ་བ་ཡོད་ཟེར་ཨིན་པས།
ས་ཁོངས་དེ་ནང་ ཧེ་མ་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་མཉམ་ལས་ཡིག་ཚང་གིས་ གནས་སྐབས་ཀྱི་ ཚོད་བསྲེ་བཙོང་ས་ ཚར་༢ བཟོ་བྱིན་མི་དེ་ ཉམས་ཆག་ཤོར་བའི་ཤུལ་ལས་ སྤྱི་ལོ་༢༠༡༥ ལུ་ རྒྱལ་པོའི་ཞིང་ རྒྱལ་ཚབ་ཡིག་ཚང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ རྒྱ་སྐྱེད་འབད་ཞིནམ་ལས་ གོ་ཡངས་ཏོག་ཏོ་སྦེ་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
ལུང་ཕྱོགས་སོ་ནམ་ཚོང་འབྲེལ་མཉམ་ལས་ཚོགས་སྡེའི་ ཡིག་ཚང་གི་ ལུང་ཕྱོགས་འགོ་འདྲེན་པ་ རྡོ་རྗེ་རིན་ཆེན་གྱིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་ཁང་དེ་གིས་ ས་གནས་ཀྱི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་བཞིན་དུ་ ཉམས་བཅོས་ཀྱི་ཐད་ལུ་ སེམས་ཁར་ཡོད་རུང་ ད་རེས་ རྣམ་རྟོག་མེད་པར་ ཚར་ཅིག་གུ་འབད་ནི་དེ་གིས་ གནས་སྐབས་ཅིག་ ག་ནི་ཡང་ འབད་མ་ཚུགས་ཟེར་ཨིན་པས།
དེ་གི་དོན་ལུ་ མ་དངུལ་ཡང་ ལོགས་སུ་སྦེ་ བཞག་སྟེ་མེདཔ་ལས་ ལུང་ཕྱོགས་ཡིག་ཚང་གིས་ ཉམས་བཅོས་ཀྱི་དོན་ལུ་ ཐབས་ལམ་བཏོན་པའི་བསྒང་ཡོད་ཟེར་ རྡོ་རྗེ་རིན་ཆེན་གྱིས་ སླབ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *