སྐྱེས་ལོ་༦ མ་ལངམ་ལས་ སློབ་གྲྭ་ནང་བཙུགས་མི་ ཨ་ལོ་ཚུ་ལུ་ ཐེངས་གཅིག་གི་ གོ་སྐབས་གནང་ཡོདཔ།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྐྱེས་ལོ་༦ མ་ལངམ་ལས་ སློབ་གྲྭ་ནང་བཙུགས་མི་ཨ་ལོ་ཚུ་ བཏོན་གཏང་དགོ་པའི་ བཀའ་རྒྱ་གནང་མི་དེ་ ཤེས་རིག་ལྷན་ཁག་གིས་ ཕྱིར་འབུད་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ཨིན་རུང་ ཤེས་རིག་ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཐབས་ཤེས་དེ་ ཐེངས་གཅིག་གི་དོན་ལུ་ བསྒྱུར་བཅོས་འབད་ཡོདཔ་ཨིན་རུང་ མ་འོངས་པ་ལུ་ ལོ་ཚད་མ་ལངམ་ལས་ སློབ་གྲྭ་ནང་ བཙུགས་ནི་མེད་པའི་ སྲིད་བྱུས་དེ་ལུ་ འགྱུར་བ་མེད་ཟེར་ཨིན་པས།
སྲིད་བྱུས་བསྒྱུར་བཅོས་མེད་པ་ཅིན་ བློ་གསར་སློབ་རིམ་ནང་ བཙུགས་ནིའི་ལོ་ཚད་དེ་ སྐྱེས་ལོ་༦ སྦེ་ར་ རང་འཇགས་བཞག་ནི་ཨིནམ་ད་ སང་ཕོད་ཀྱི་ ལོ་འགོ་བཙུགསཔ་ད་ ཨ་ལོ་སློབ་གྲྭ་ནང་བཙུགས་ནིའི་ ལོ་ཚད་དེ་ དམ་དམ་སྦེ་ར་ ལག་ལེན་འཐབ་ནི་ཨིན་པས།
དེ་ཡང་ དུས་ཅི་ སྤྱི་ཟླ་༥ པའི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ སྒེར་དང་ མི་མང་སློབ་གྲྭ་ཚུ་ནང་ སྐྱེས་ལོ་༥ དང་ཟླཝ་༥ འོག་རྒྱུ་འབད་མི་ སློབ་ཕྲུག་༨༩༠ གི་མིང་ཐོ་དང་ སློབ་གྲྭ་ནང་བཙུགས་མི་ གསང་ཨང་ཚུ་ག་ར་ ཤེས་རིག་ལྷན་ཁག་གིས་ བཏོན་བཏང་ཡོདཔ་ཨིན་པས།
བློན་ཆེན་གྱི་ བཀའ་རྒྱ་དང་འཁྲིལ་ སློབ་ཕྲུག་༨༩༠ གིས་ གནམ་བྱཱར་གྱི་ངལ་གསོ་ལས་ ལོག་སློབ་གྲྭ་འགོ་བཙུགསཔ་ད་ བློ་གསར་སློབ་རིམ་ནང་ འཕྲོ་མཐུད་དེ་ དཔེ་ཆ་ལྷབ་ཆོག་ནི་ཨིན་པས།
བློན་ཆེན་གྱི་ བཀའ་རྒྱ་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡ ལུ་ ཤེས་རིག་ལྷན་ཁག་གིས་ བློ་གསར་ནང་བཙུགས་ནིའི་ ལོ་ཚད་དེ་ སྐྱེས་ལོ་༦ སྦེ་ར་ བཞག་དགོ་པའི་ ལན་གསལ་ཕུལ་བའི་ཤུལ་ལས་ ཆ་འཇོག་གནང་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ བདུན་ཕྲག་༣ པའི་ནང་ བློན་ཆེན་གྱིས་ ཤེས་རིག་ལྷན་ཁག་ལུ་ གྲོས་ཐག་བཅད་མི་དེ་ལུ་ བསྒྱུར་བཅོས་འབད་ནིའི་ ཐབས་ཤེས་བལྟ་དགོཔ་སྦེ་ ཡི་གུ་བཏང་ཡོདཔ་ཨིན་པས།
ཤེས་རིག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལྷན་ཁག་གིས་ ཐག་བཅད་མི་དེ་ལུ་ བསྒྱུར་བཅོས་འབད་མི་དེ་ བློན་ཆེན་གྱིས་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ བཀོད་རྒྱ་གནང་མི་དང་འཁྲིལ་ཨིན་ཟེར་ཨིནམ་ད་ ཡི་གུ་དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་བརྒྱུད་དེ་ ལྷན་ཁག་གིས་ ཨ་ལོ་ཚུ་ དཔེ་ཆ་འཕྲོ་མཐུད་ལྷབ་བཅུག་དགོཔ་སྦེ་ ཨིན་པས།
འགོ་དཔོན་གྱིས་འབད་བ་ཅིན་ ཡི་གུ་དང་འཁྲིལཝ་ད་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་ནང་འཛུལ་ཏེ་ ལོ་ཕྱེད་ལང་ཡོདཔ་ལས་ དམིགས་བསལ་དུ་ ཐེངས་གཅིག་གི་ བསྒྱུར་བཅོས་འབད་དགོཔ་སྦེ་ འདུག་ཟེར་ཨིན་པས།
སློབ་ཕྲུག་ཚུ་གི་ ཕམ་གི་ངོ་ཚབ་དང་ སྒེར་གྱི་སློབ་གྲྭའི་ཇོ་བདག་དང་ དབུ་འཛིན་ཚུ་གིས་ གནད་དོན་དེའི་སྐོར་ལས་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ བློན་ཆེན་ལུ་ ཞུ་བ་ཕུལ་ཡོདཔ་ད་ གཞུང་གིས་ སྤྱི་ལོ་༢༠༡༩ ལོའི་ བློ་གསར་ནང་བཙུགས་ནིའི་ ལོ་ཚད་དེ་ གཏན་འཇགས་བཟོ་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
ཨིན་རུང་ མི་མང་སློབ་གྲྭ་མང་ཤོས་ཀྱི་ ཨ་ལོ་ཚུ་གིས་ ལོ་ཕྱེད་ཀྱི་ཆོས་རྒྱུགས་ རྐྱབ་མ་ཚུགས་པར་ཡོདཔ་ལས་ ཕམ་ཚུ་ ཚ་གྱང་ལང་སྟེ་ཡོད་རུང་ སྒེར་གྱི་སློབ་གྲྭ་ནང་ བཙུགས་མི་ཚུ་གིས་ སློབ་ཕྲུག་གི་ཨང་མེད་རུང་ ཆོས་རྒྱུགས་རྐྱབ་བཅུག་ཡོདཔ་ཨིན་པས།
ཤེས་རིག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ལྷན་ཁག་གིས་ ཐོ་ནང་ལས་བཏོན་བཏང་མི་ཚུ་ སློབ་གྲྭ་ལོག་འགོ་མ་བཙུགསཔ་ཅིག་ཁར་ ལོག་བཙུགས་ཞིནམ་ལས་ སློབ་གྲྭ་ཚུ་ལུ་ བརྡ་སྤེལ་འོང་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི།

༉ མོང་སྒར་ཁྲོམ་གྱི་ ས་ཁོངས་ལྟེ་བའི་ནང་ ཉེན་སྲུང་གི་དོན་ལུ་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་བའི་བསྒང་ལས་ ས་ཁོངས་དེ་ནང་ ཁྱད་རིག་ལྡན་པའི་ཁྲོམ་གྱི་བསམ་གཞི་ལུ་ གཞི་བཞག་སྟེ་བཟོ་མི་ ཁྲོམ་གྱི་མཐུན་རྐྱེན་ཚུ་ ཚང་ནི་ཨིན་པས། མོང་སྒར་ཁྲོམ་ལྟེ་བ་དེ་ མོང་སྒར་ཁྲོམ་གྱི་འོག་ལུ་ ས་གནས་ས་ཁོངས་འཆར་གཞི་༧ ཡོད་པའི་ནང་ལས་ …

Leave a Reply

Your email address will not be published. Required fields are marked *