སྐྱིན་འགྲུལ་བཀག་འཛིན་མེན་པར་ དངུལ་ཁང་ཚུ་གིས་ བག་ལྡན་གྱི་ ཐབས་ལམ་བཏོན་དོ་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ བསྟན་རྒྱས་བློན་པོ་དང་ དངུལ་རྩིས་བློན་པོ་ དེ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ དངུལ་ཁང་གི་ འགོ་འཛིན་ཚུ་གིས་ སྐྱིན་འགྲུལ་ལོག་སྤྲོད་མ་བཏུབ་མི་དང་ བུ་ལོན་ཚད་ལས་བརྒལ་མི་ དེ་ལས་ དཔལ་འབྱོར་གྱི་དོན་ལུ་ མ་རྩ་གཞི་བཙུགས་འབད་མ་བཏུབ་པའི་ ཚ་གྱང་ཚང་ཚུ་བཤད་ནུག།
འབྲུག་གི་དངུལ་འབྲེལ་གཙུག་སྡེ་མཐུན་ཚོགས་ཀྱི་གཙོ་འཛིན་ ཀརྨ་གིས་ སླབ་མིའི་ནང་ ཁྱིམ་གྱི་སྐྱིན་འགྲུལ་སྲིད་བྱུས་དེ་ བཀག་འཛིན་འབད་འབདཝ་མེན་པར་ དངུལ་ཁང་ཚུ་གིས་ མ་དངུལ་ཚུ་ ག་མནོ་སར་ མ་བཏང་པར་ འཛེམ་བག་འབད་དེ་ སྤྱོད་ནིའི་དོན་ལུ་ ཐབས་ལམ་བཏོན་ཡོདཔ་བཞིན་དུ་ ཐོབ་ལམ་ཡོད་མི་ ཚོང་མགྲོན་པ་ཚུ་གིས་ སྐྱིན་འགྲུལ་ཚུ་ འཐོབ་ཟེར་ཨིན་པས།
བཀྲིས་དངུལ་ཁང་གི་ འཛིན་སྐྱོང་མདོ་ཆེན་ པདྨ་ཚེ་རིང་གིས་ སླབ་མིའི་ནང་ དངུལ་ཁང་གིས་ ཡན་ལག་ཡིག་ཚང་ལ་ལོ་ཅིག་ནང་ སྐྱིན་འགྲུལ་ཚད་གཞི་ལས་བརྒལ་ བྱིན་ཡོད་པ་ཅིན་ འཕྲལ་འཕྲལ་ར་ བཀགཔ་ཨིན་རུང་ སྤྱིར་བཏང་གི་ སྐྱིན་འགྲུལ་ཚུ་ བཀག་འཛིན་འབད་དེ་མེད་ཟེར་ཨིན་པས།
ཞལ་འཛོམས་དེ་ འབྲུག་གི་དངུལ་འབྲེལ་གཙུག་སྡེ་མཐུན་ཚོགས་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ དེ་ལས་ དངུལ་རྩིས་ལྷན་ཁག་གི་བར་ན་ འཚོགས་མི་དེ་ ཐེངས་༢ པ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ སྐྱིན་འགྲུལ་ག་ར་བསྡོམས་ཏེ་ དངུལ་ཀྲམ་ཐེར་འབུམ་༡༤༣ བྱིན་ཡོདཔ་ད་ དུས་ཐོག་ལུ་ ལོག་བཏབ་མ་བཏུབ་མི་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༢༡.༥ དེ་ཅིག་ལུ་ལྷོད་ནུག།
སྤྱི་ལོ་༢༠༡༥ དང་༢༠༡༨ ཀྱི་བར་ན་ སྐྱིན་འགྲུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༨༣.༥༢ ལས་ དངུལ་ཀྲམ་ཐེར་འབུམ་༡༣༢.༥༦ ལུ་ ཡར་འཛེགས་མི་དེ་ བརྒྱ་ཆ་༡༧ ཡར་འཕར་སོང་ཡོད་རུང་ དུས་ཐོག་ལུ་ སྤྲོད་མ་བཏུབ་མི་ སྐྱིན་འགྲུལ་དེ་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ཐེར་འབུམ་༤.༧ ལས་ ན་ཧིང་ཐེར་འབུམ་༡༢.༨༦ འབདཝ་ད་ བརྒྱ་ཆ་༣༣ ཡར་སེང་སོང་ཡོདཔ་ཨིན་པས།
བསྟན་རྒྱས་བློན་པོ་ ལོ་ནཱཐ་ཤར་མ་གིས་ སླབ་མིའི་ནང་ དཔལ་འབྱོར་གོང་འཕེལ་འགྱོ་མི་ལུ་བརྟེན་ སྐྱིན་འགྲུལ་ཡར་སེང་འགྱོ་མི་དེ་ རང་བཞིན་ཨིན་རུང་ དུས་ཐོག་ལུ་ བཏབ་མ་བཏུབ་མི་ སྐྱིན་འགྲུལ་གྱི་རིགས་ ཡར་འཕར་འགྱོ་མི་དེ་ ཚ་གྱང་ཅིག་ཨིནམ་ལས་ དངུལ་ཁང་ཚུ་ལུ་ དྲནམ་བཏོན་ནིའི་དོན་ལུ་ དུས་མཐུན་དྲན་གསོ་བཟུམ་ཅིག་ཨིན་མས་ཟེར་ཨིན་པས།
འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ཡང་ཨིན་མི་ ཀརྨ་གིས་ དུས་ཐོག་བཏབ་མ་བཏུབ་མི་ སྐྱིན་འགྲུལ་ཚུ་ སྐྱིན་འགྲུལ་སྲིད་བྱུས་སྒྲིང་སྒྲི་ མེད་མི་ལུ་བརྟེན་ཨིན་ཟེར་ བཤད་པའི་ཁར་ མ་དངུལ་ཡོངས་བསྡོམས་ ཐེར་འབུམ་༡༤༣ དེ་ཅིག་ཡོད་མི་ རྒྱལ་ཁབ་ཆུང་ཀུ་ལུ་ སྐྱིན་འགྲུལ་དེམ་ཅིག་སྤྲོད་མི་དེ་ ཚད་ལས་བརྒལ་བའི་ཁར་ མ་དངུལ་མང་ཤོས་ ཐོན་སྐྱེད་མེད་མི་ ལས་སྡེ་ཚུ་ནང་ བཏང་ནུག་ཟེར་བཤད་ནུག།
ཀརྨ་གིས་འབད་བ་ཅིན་ དངུལ་ཁང་ཚུ་ནང་ ཁྱད་རིག་ཅན་གྱི་ དངུལ་འབྲེལ་འགོ་འཛིན་པ་ཚུ་མེདཔ་ལས་ དཔལ་འབྱོར་སྒྲིང་སྒྲི་བཟོ་དགོ་པ་ཅིན་ ལས་བྱེདཔ་ཚུ་ལུ་ སྐྱིན་འགྲུལ་འཛིན་སྐྱོང་གི་ ཤེས་ཡོན་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་གིས་ གཞུང་གི་ལས་སྡེ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ དེ་ལས་ ཁྲོམ་སྡེ་ཚུ་ སྐྱིན་འགྲུལ་གྱི་ ཞུ་ཡིག་བཙུགས་ནི་དང་ དེ་གི་བྱ་སྒོ་ཚུ་ནང་ འབྲེལ་བ་ཡོད་ནི་དེ་གིས་ འགན་འཁྲི་བཀལ་དགོཔ་འདུག་ཟེར་ཨིནམ་ད་ དཔེར་ན་ ཨམ་སྲུ་ཅིག་གིས་ མོ་གི་སྒྲིང་ཁྱིམ་ཚར་༦ བཙོང་མི་དེ་ གཞུང་གི་ལས་སྡེ་ཚུ་ལུ་ འཐུས་ཤོར་བའི་རྟགས་ཨིན་མས་ཟེར་བཤད་ནུག།
དངུལ་ཁང་གི་ འགོ་འཛིན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྐྱིན་འགྲུལ་ལུ་ སྟབས་མ་བདེཝ་བཟོ་བའི་ ཚ་གྱང་ཅིག་ ཁྲིམས་འདུན་ཚུ་གིས་ ཚོང་འབྲེལ་གྲོས་ཆོད་བཏོན་མི་དེ་ཨིནམ་ད་ ཀརྨ་གིས་འབད་བ་ཅིན་ དངུལ་ཁང་ཚུ་གིས་ སྐྱིན་ཚབ་སྤྲོད་ནིའི་ དུས་ཚོད་ཧེ་མ་ལས་ བྱིན་པའི་ཐོག་ཁར་ ཁྲིམས་འདུན་ཚུ་གིས་ སྐྱིན་འགྲུལ་མ་བཏབ་མི་ལུ་ དུས་ཐེབས་བྱིན་སྲོལ་ཡོད་མི་དེ་གིས་ སྟབས་མ་བདེཝ་བཟོ་དོ་ཡོདཔ་ལས་ ཁྲིམས་འདུན་ལུ་ ཚོང་རིག་མཁས་མཆོག་ཚུ་ དགོཔ་འདུག་ཟེར་ཨིན་པས།
དངུལ་འབྲེལ་འགོ་འཛིན་པ་ཚུ་གིས་ སླབ་མིའི་ནང་ དུས་ཚོད་མང་ཤོས་ནང་ར་ རྒྱུ་ཆས་འཕྱོག་བཟུང་འབད་མི་དེ་གིས་ སྐྱིན་འགྲུལ་དངུལ་ཚད་གུ་ ལྷོད་མ་ཚུགས་མི་ལུ་བརྟེན་ དངུལ་རྩིས་ལྷན་ཁག་གིས་ ཁྲལ་གྱི་ཚད་གཞི་དེ་ མར་ཕབ་འབད་བ་ཅིན་ དངུལ་ཁང་ཚུ་ལུ་ ཕན་ཐོགས་སྦོམ་ འབྱུང་ནི་མས་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ སླབ་མིའི་ནང་ དངུལ་འབྲེལ་ལས་སྡེ་ནང་ ཁྱད་རིག་ཅན་ཚུ་མེདཔ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་འབྲེལ་གཙུག་སྡེ་ སྦྱོང་བརྡར་སྤེལ་ཁང་གིས་ དངུལ་འབྲེལ་ལས་སྡེ་ནང་ ཁྱད་རིག་ཅན་གྱི་ སྦྱོང་བརྡར་བྱིན་ནི་ལུ་ གཙོ་བོར་བཏོན་ནི་ཨིནམ་བཞིན་དུ་ གཞུང་གི་ཁ་ཐུག་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་འབད་དེ་ འགན་འཁྲི་ཅན་ བཟོ་དགོཔ་འདུག་ཟེར་ཨིན་པས།
ཁྲིམས་ཀྱི་ཚོང་འབྲེལ་གྲོས་ཆོད་ཀྱི་ཐད་ལུ་ སྤྱི་འཛིན་གྱིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དྲང་ཁྲིམས་ལྷན་སྡེ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ཞལ་འཛོམས་འཚོགས་ནིའི་ གྲོས་འབུལ་བཙུགས་ཏེ་ཡོད་ཟེར་ བཤདཔ་ཨིན་པས།
འཆར་དངུལ་ཡོངས་བསྡོམས་ལས་ གཞུང་གི་ཟད་འགྲོ་མ་དངུལ་ བརྒྱ་ཆ་༣༣ གསར་སྒྲུབ་ནང་ཨིནམ་ལས་ དེ་གིས་ དངུལ་འབྲེལ་ལས་སྣ་ཚུ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
དཔེ་འབད་བ་ཅིན་ སྣུམ་འཁོར་ཊཱག་དང་ བཟོ་སྐྲུན་གྱི་དོན་ལ་ ལག་ལེན་འཐབ་མི་ འཕྲུལ་ཆས་སྦོམ་ཚུ་ དཔལ་འབྱོར་ལས་སྣ་མེད་མི་ལུ་བརྟེན་ ལཱ་མེད་པར་ དེ་སྦེ་ར་ བཞག་དོ་ཡོདཔ་ལས་ སྣུམ་འཁོར་གྱི་ སྐྱིན་འགྲུལ་ཡང་ བཀག་འཛིན་འབད་དགོཔ་འདུག་ཟེར་ དངུལ་འབྲེལ་འགོ་འཛིན་པ་ཚུ་གིས་ བཤདཔ་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱས་ཚེ་རིང་གིས་ སླབ་མིའི་ནང་ ལྷན་ཁག་གིས་ འབྲུག་གི་དངུལ་འབྲེལ་གཙུག་སྡེ་མཐུན་ཚོགས་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ བསྟན་རྒྱས་ལྷན་ཁག་དང་ མཉམ་འབྲེལ་ཐོག་ གནད་དོན་ཚུ་ སེལ་ཐབས་འབད་འོང་ཟེར་ཨིནམ་ད་ ལྷན་ཁག་གིས་ དགོས་མཁོ་དང་འཁྲིལ་ དངུལ་ཁང་ཚུ་ལུ་ འཕྲུལ་རིག་གི་ རྒྱབ་སྐྱོར་ཚུ་ བྱིན་འོང་ཟེར་ དངུལ་རྩིས་བློན་པོ་གིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *