སྐྱིད་སྡུག་ཡང་བསྐྱར་གནང་ཡོདཔ།

༉ སྐྱིན་འགྲུལ་གྱི་ སྐྱེད་དགོངས་ཡངས་གནང་མིའི་ དུས་ཡུན་ཚང་རན་མི་ལུ་བརྟེན་ ཚོང་སྦོམ་དང་ ཆུང་བ་བཙུགས་མི་ སྟོང་ཕྲག་ལས་བཅད་མི་ཚུ་ ད་ལས་ཕར་ དངུལ་འབྲེལ་ཁང་ཚུ་ལུ་ སྐྱིན་ཚབ་དང་ དངུལ་སྐྱེད་ག་དེ་སྦེ་ བཏབ་ཚུགས་ག་ཟེར་ ཚ་གྱང་ལང་སྡོད་པའི་བར་ན་ སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་སྡུག་ཐེངས་གཉིས་པ་གནངམ་ལས་ སྒལ་ཏོག་གུ་ལས་ ཁུར་ཆ་ཕབ་དོ་བཟུམ་མའི་ ཚོར་སྣང་བྱུང་ནུག།
དེ་ཡང་ བདུན་མཐའི་སྐབས་ བློན་ཆེན་གྱིས་ སྐྱིད་སྡུག་གི་ གསལ་བསྒྲགས་གནངམ་ད་ སྐྱིད་སྡུག་གི་ དུས་ཡུན་རྫོགས་ནི་ལུ་ ཞག་གྲངས་གསུམ་ལས་མེདཔ་ལས་ དངུལ་འབྲེལ་དང་ དངུལ་རྐྱང་གི་མཐུན་རྐྱེན་ དེ་ལས་ འབྲུག་མངའ་བདག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ འཕྲོ་མཐུད་གནང་ནི་ཨིན་པའི་སྐོར་ རྒྱལ་ཡོངས་ལུ་ གསུང་བཤད་གནང་མི་དེ་གིས་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་བརྟེན་ གནོད་པ་བྱུང་མི་ འབྲུག་མི་སྟོང་ཕྲག་ལས་བཅད་མི་གི་ བཟའ་ཚང་ཚུ་ལུ་ ད་རུང་ ཕན་ཁྱད་འབྱུང་ནི་ཨིནམ་ལས་ བློ་བདེ་བའི་ གཞི་གནད་ཅིག་ལུ་གྱུར་ནུག།
ནད་ཡམས་ཀྱིས་ ལྟ་བཤལ་ལས་སྡེ་དང་ ཟ་ཁང་ཚུ་ནང་ ལཱ་འབད་མི་ཚུ་ལུ་ གནོད་པ་ཤུགས་སྦེ་ར་ བྱུང་ཡོདཔ་ལས་ ལ་ལོ་ རང་སོའི་འཚོ་སྐྱོང་གི་དོན་ལུ་ བྱ་ཐབས་མེད་པར་ སྤྱིར་བཏང་ལས་མི་བཟུམ་སྦེ་ ཉིན་བསྟར་གླ་ཆའི་ཐོག་ལུ་ ལཱ་འབད་དགོཔ་ བྱུང་སྟེ་འདུག།
སྐྱིད་སྡུག་འཕྲོ་མཐུད་སྐོར་ལས་ གསལ་བསྒྲགས་འབདཝ་ཅིག་ ཐོ་ཕོག་མི་དང་ མ་ཕོག་མི་ག་ར་གིས་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ སྐྱིད་སྡུག་གི་ཕམ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ གཞུང་ལུ་ སྐྱབས་མགོན་མཛད་གནང་པའི་ བཀའ་དྲིན་དགའ་ཚོར་ཞུཝ་ཨིན་མས།
ནད་ཡམས་ཀྱི་ གནས་སྟངས་ལུ་ ལེགས་བསྒྱུར་མེདཔ་ལས་ གནོད་པ་ཕོག་མི་ཚུ་ལུ་ཐབས་ཤེས་དཀོན་པའི་ སྡུག་སྦྱོང་ནང་ སྡོད་པའི་བར་ན་ ད་རུང་ སྐྱིད་སྡུག་གནང་མི་དེ་ ཁོང་ཆ་ཁྱབ་ཀྱི་དོན་ལུ་ རྒུད་གསོ་སྦོམ་ཅིག་ཨིན་མས།
མཛད་བྱ་དེ་ཚུ་གིས་ རྒྱལ་ཁབ་ཀྱི་ དབུ་ཁྲིད་བཟང་པོ་དང་ འགོ་ཁྲིདཔ་ཚུ་གི་ཧོངས་ལས་ མི་སེར་ཚུ་གི་ གནས་སྟངས་དང་ སྐྱིད་སྡུག་ཕོག་ཡོདཔ་ ལེགས་ཤོམ་སྦེ་ར་ མཁྱེན་གསལ་ཡོད་པའི་ རྟགས་མཚན་སྟོནམ་མས།
སྐྱིད་སྡུག་ཐེངས་དང་པ་གིས་ གཞུང་ལུ་ སྐུ་གྱོང་སྦོམ་ཕོག་ཡོད་རུང་ མི་མང་ཤོས་ཅིག་གི་ འཚོ་བའི་གནས་སྟངས་ལུ་ ལྷན་ཐབས་བྱུང་ཡོདཔ་བཞིན་དུ་ ཐེངས་གཉིས་པ་གིས་ཡང་ མི་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ དངུལ་འབྲེལ་གྱི་གྲོགས་རམ་གནང་ནི་དང་ ཟླཝ་གསུམ་ལས་ལྷག་སྟེ་ སྐྱིན་འགྲུལ་གྱི་ སྐྱེད་དགོངས་ཡངས་གནང་ནིའི་ འཆར་གཞི་ཚུ་ བརྩམས་ཏེ་འདུག།
སྐྱིད་སྡུག་ལུ་བརྟེན་ གཞུང་གི་སྤྱི་མཛོད་ལུ་ཡང་ འབྱེམ་ཤུགས་སྦེ་ར་ ཕོག་ཡོད་རུང་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་དམིགས་ཏེ་ གཞུང་གིས་ གནས་སྟངས་ཚབས་ཆེན་ནང་ཡང་ མི་ཚུ་ལུ་ ཚོང་འབྲེལ་འཐབ་ནིའི་ གོ་སྐབས་བཟོ་ཐབས་ལུ་ ད་རུང་ སྐྱེད་ཆུང་བའི་ སྐྱིན་འགྲུལ་གྱི་ རྒྱབ་སྐྱོར་ཡང་ འབད་ནི་ཨིན་པས།
གཞུང་གིས་ ཟླཝ་དགུ་གི་ སྐྱེད་དགོངས་ཡངས་རྐྱངམ་གཅིག་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༧.༥ སྤྲོད་དགོཔ་བཞིན་དུ་ ཁྲལ་ཕར་འགྱངས་འབད་མི་དང་ ཁང་གླ་དང་ བཟོ་གྲྭ་ཁང་ཚུ་ལུ་ གློག་མེའི་སྤྱོད་འཐུས་ དགོངས་ཡངས་གནང་སྟེ་འདུག།
དེ་ཚུ་ག་ར་ མི་དབང་རྒྱལ་པོའི་གསེར་ཁྲི་རྩ་བ་ལས་ ཁོ་རའི་ འབངས་མི་སེར་ལུ་ བྱམས་བརྩེ་དང་ སྙིང་རྗེ་གཟིགས་ཐོག་ལས་ སྐྱབས་མགོན་མཛད་གནང་མི་དེ་ དམིགས་བསལ་གྱི་ གསོལ་རས་ཨིནམ་བཞིན་དུ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ནང་ མི་དབང་མངའ་བདག་རིན་པོ་ཆེའི་ དབུ་ཁྲིད་ཐོག་ལུ་ འབངས་འཁོར་ཚུ་ གནས་སྟངས་ཚབས་ཆེན་ཡོད་རུང་མེད་རུང་ དུས་རྒྱུན་དུ་ གངས་བར་ནང་གི་ཆུ་འཐུང་། །སྤྲིན་བར་ནང་གི་ཉིནམ་བསྲོ། །སྡོད་ནི་ཡོད་མི་དེ་ བརྒྱུད་འཛིན་གྱི་ རྒྱལཔོ་རིམ་བྱོན་ཚུ་གི་ སྐུ་དྲིན་ལུ་བརྟེན་ཨིན།

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *