སྐྱབས་རྗེ་རྗེ་མཁན་མཆོག་གིས་ མི་མང་ལུ་ གསོ་བའི་བསླབ་བྱ་ཚུ་ལུ་ ཉན་དགོ་པའི་ བཀའ་སློབ་གནང་ཡོདཔ།

༉ ཁ་ཙ་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ མི་སེར་ཁྲི་ཕྲག་ལས་བཅད་མི་ཚུ་གིས་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ལས་ སངས་རྒྱས་སྨན་བླའི་ལུང་དང་ བཀའ་དབང་ཞུ་ཡི།
སྐྱབས་རྗེ་རྗེ་མཁན་མཆོག་གིས་ རྒྱང་མཐོང་ཊི་བིའི་ དངོས་མཐོང་ལས་རིམ་དང་ མི་སྡེ་བརྡ་བརྒྱུད་ནང་ འདི་བཟུམ་མའི་ བཀའ་དབང་གནང་མི་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིནམ་ད་ ཨཱསི་ཊེ་ལི་ཡ་ལ་སོགས་པའི་ ཕྱི་རྒྱལ་ལུ་ ཤེས་ཡོན་སྦྱང་མི་དང་ ལཱ་འབད་མི་ འབྲུག་མི་ཚུ་གིས་ཡང་ སངས་རྒྱས་སྨན་བླའི་ལུང་དང་ བཀའ་དབང་ཞུ་ནི་གི་ གོ་སྐབས་ཐོབ་ཅི།
བཀའ་དབང་དེ་ཡང་ ད་ལྟོ་ འཛམ་གླིང་ནང་ ཁྱབ་སྤེལ་སོང་མི་ ནད་ཡམས་ཀོ་རོ་ན་བའེ་རཱསི་ བཀག་ཐབས་ལུ་ བརྩོན་ཤུགས་བསྐྱེད་པའི་ ནམ་དུས་ལུ་གནང་ཡི།
དབང་ལུང་གི་ཧེ་མར་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ མི་མང་ལུ་ ནད་ཡམས་དང་འབྲེལ་བའི་ དྲན་བསྐུལ་གྱི་ གསལ་བཤད་གནང་མི་དེ་ཡང་ ཁྱིམ་མཚེས་རྒྱལ་ཁབ་ཚུ་གིས་གཙོས་པའི་ འཛམ་གླིང་ནང་ ནད་ཡམས་ཀྱིས་ འབྱེམ་ཕོག་མི་དང་ ནད་འབུབ་ཐོབ་མི་ཚུ་ལུ་ འབྲུག་མི་ག་ར་གིས་ ནད་ཡམས་ཞི་ནི་གི་ སྨོན་ལམ་བཏབ་དགོཔ་མ་ཚད་ ནང་གི་ཀུན་སློང་དང་ ཕྱིའི་ཀུན་སྤྱོད་ལག་ལེན་གྱི་ གཙང་སྦྲ་ཡང་ བསྟེན་དགོཔ་ ཁག་ཆེ་ཟེར་གསུངས་ཡི།
སྨན་ལྗོངས་འབྲུག་གི་ རྒྱལ་ཁབ་ནང་ COVID-19 ནད་འབུབ་ཐོབ་མི་དང་པ་ བདའ་ཟུན་ཞིནམ་ལས་ཚུར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་མས་ཟེར་ ཐུགས་ཚ་གྱང་སྦོམ་བཞེས་ཏེ་ སྔོན་འགོག་གི་ ཐབས་ལམ་ཚུ་ གཞི་བཙུགས་ཐོག་ ལས་སྣ་ཚུ་ལུ་ གཟིགས་ཞིབ་དང་ བཀའ་སློབ་གནངམ་མ་ཚད་ བློན་ཆེན་ལས་འགོ་བཙུགས་ གསོ་བའི་ལས་བྱེདཔ་དང་ སྒེར་སྡེ་ གླ་འཁོར་དེད་གཡོགཔ་ཚུན་ཚོད་ཀྱིས་ མི་སེར་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཞབས་ཏོག་གང་དྲག་ཞུཝ་བཞིན་དུ་ ཆོས་སྡེའི་ཧོངས་ལས་འབད་རུང་ ཤེས་མ་ཤེས་དང་ ཕན་ཐོགས་མ་ཐོགས་ལུ་ མ་བལྟ་བར་ རྒྱབ་སྐྱོར་འབད་དགོཔ་ཁག་ཆེ་ཟེར་ གསུངས་གནང་ཡི།
ནད་ཡམས་འཐོབ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ གསོ་བའི་མཁས་མཆོག་ཚུ་གི་བསླབ་བྱ་ འབད་ཆོག་མ་ཆོག་ཚུ་ལུ་ ངོས་ལེན་འབད་དགོཔ་བཞིན་དུ་ སྐྱབས་རྗེ་ཁོ་ར་འབད་རུང་ གསོ་བའི་མཁས་མཆོག་ཚུ་གི་ བསླབ་བཀོད་དང་འཁྲིལ་ དང་ལེན་འབདཝ་མ་ཚད་ མི་སེར་ཚུ་ལུ་ཡང་ གོ་བ་བརྡ་སྤྲོད་འབད་དོ་ཟེར་ སྐྱབས་རྗེ་མཆོག་གིས་ གསུངས་ཡི།
ལམ་འགྲུལ་འབད་མི་ཚུ་གི་ཐད་ལུ་ སྐྱབས་རྗེ་མཆོག་གིས་ ཉེན་ཁ་ཅན་གྱི་ ས་ཁོངས་ཚུ་ནང་ རྒྱུན་འགྲུལ་འཐབ་མི་དང་ ནད་འབུབ་ཐོབ་མི་དང་ ཡང་ཅིན་ ནད་འབུབ་ཐོབ་ཡོད་པའི་ དོགས་པ་ཅན་ཚུ་དང་ འབྲེལ་བ་འཐབ་ཡོད་པ་ཅིན་ ལམ་འགྲུལ་གྱི་ ཁ་གསལ་ཚུ་ དྲང་བདེན་དང་ རྣག་དག་གི་སྒོ་ལས་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཟེར་གསུངས་ཡི།
རང་གིས་ དྲང་བདེན་ཐོག་ལས་ ཕྲང་སླབ་པ་ཅིན་ བདག་གཞན་གཉིས་ཆ་ར་ལུ་ ཕན་ཐོགས་འབྱུང་ནི་དང་ ལྷག་པར་དུ་ རྒྱལ་ཁབ་ལུ་ ཞབས་ཏོག་ཕུལ་ཚུགསཔ་མ་ཚད་ ནད་རྟགས་རེ་འཐོན་རུང་ དུས་ཚོད་ཁར་ སྨན་བཅོས་འབད་ཚུགས་ཟེར་གསུངས་ཡི།
གལ་སྲིད་ ཁྱོད་ར་ ཟུར་བཞགཔ་ད་ ཁྱོད་རའི་བཟའ་ཚང་དང་ མི་གཞན་ཚུ་ལུ་ ནད་འབུབ་སྤེལ་ནིའི་ ཉེན་ཁ་མར་ཕབ་ཐོག་ རྒྱལ་ཡོངས་ལུ་ ཉེན་སྐྱོབ་འབདཝ་ཨིན་ཟེར་གསུངས་།
ཟུར་བཞག་སྡོད་མི་ཚུ་གིས་ རྣམ་རྟོག་ལང་སྟེ་ སྟབས་མ་བདེཝ་བཟོ་ནི་མེན་པར་ གསོ་བའི་བསླབ་བྱ་ལུ་ ཉན་དགོཔ་ཁག་ཆེ་མི་དེ་ཡང་ ཟུར་བཞག་སྡོད་མི་ ལ་ལོ་ཅིག་གིས་ ནད་ཡམས་ཐོབ་ཡོད་པའི་ དོགས་པ་ལུ་ ངོ་ཚ་སྡོད་དོ་ཡོདཔ་ལས་ ངོ་མ་ཚ་བར་སྡོད་དགོ་ཟེར་ སྐྱབས་རྗེ་མཆོག་གིས་ དྲན་གསོ་ནང་ཡི།
ཟུར་བཞག་ནད་བརྟག་ཁང་ནང་སྡོདཔ་ད་ རང་ལུ་སྨན་བཅོས་ཀྱི་ ཁེ་ཕན་དང་ ནད་ཡོད་པ་ཅིན་ གཞན་ལུ་ ཁྱབ་སྤེལ་མི་འགྱོ་ནི་ རང་ལུ་ ནད་ཐོབ་སྟེ་མེད་རུང་ ཉེན་སྲུང་ཡོད་པའི་ བློ་བདེ་ཏོག་ཏོ་འབྱུང་འོང་ཟེར་གསུངས་ཡི།
ཟུར་བཞག་ཁང་ནང་ སྡོད་མི་ཚུ་གི་དོན་ལུ་ མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ཡོདཔ་བཞིན་དུ་ ད་རེས་ གོ་སྐབས་ཐོབ་ད་ ལུས་ཀྱི་ལྕོགས་གྲུབ་ཡོད་མི་ཚུ་གིས་ ཕྱག་འཚལ་ཚུགས་པ་ཅིན་ ཕན་ཡོན་ཡོད་པའི་ཁར་ རང་གི་གཟུགས་ལུ་ ལུས་སྦྱོང་ཡང་བཏུབ་ཟེར་གསུངས་ཡི།
དེ་མ་ཚད་ ཁང་མིག་ནང་སྡོད་དེ་ མ་ཎི་དང་ བཛྲ་གུ་རུ་ དེ་ལས་ སངས་རྒྱས་སྨན་བླའི་ སྔགས་བགྱང་ནི་ དེ་ལས་ སེམས་ཀྱིས་ འཛམ་གླིང་ནང་གི་སེམས་ཅན་ག་ར་ ནད་ལས་དྲག་ནི་དང་ ཞི་བའི་སངས་རྒྱས་སྨན་བླ་དང་ གུ་རུ་ སྤྱན་རས་གཟིགས་དང་ སྒྲོལ་མ་ཚུ་ལུ་ གསོལཝ་བཏབ་སྟེ་ གཟུངས་སྔགས་ཚུ་ བགྱང་པ་ཅིན་ ཕན་ཡོན་ཡོད་པའི་ཁར་ གལ་སྲིད་སྔགས་བགྱང་ནི་དེ་ ལཱ་འབདཝ་ད་དང་ ཚོང་རྐྱབ་ནི་ དེ་ལས་ ཡོན་ཏན་ལྷབ་སྦྱང་འབད་དགོཔ་ད་ དུས་ཚོད་མེད་ ད་རེས་ ཟུར་བཞག་ནང་ ཞག་༡༤ སྡོདཔ་ད་ མཐུན་རྐྱེན་ཚང་པའི་ གནས་སྟངས་དེ་བཟུམ་ནང་ གོ་སྐབས་ལེན་པ་ཅིན་ བདག་གཞན་༢ ལུ་ ཕན་ཁྱད་ཆེ་བའི་ཁར་ བྱིན་རླབས་ཀྱིས་ རང་ལུ་ཕན་ཐོགས་ཟེར་གསུངས་ཡི།
བླམ་ཆོསཔ་ཚུ་གི་ ཁ་ཐུག་ལས་འབད་རུང་ འགན་ཁུར་འབག་སྟེ་ སྐུ་རིམ་ཚུ་ བསྒྲུབ་པ་ཅིན་ བསོན་ནམས་ཡར་འཕེལ་ནི་དང་ སྡིག་སྒྲིབ་དག་ནི་ལུ་ ཕན་ཐོགས་ཡོདཔ་བཞིན་དུ་ སྐུ་རིམ་ཚུ་ཡང་ ལོགས་སུ་སྦེ་ སྒྲུབ་མ་དགོ་པར་ རང་གི་ཉམས་ལེན་དང་ སྐུ་རིམ་༢ གཅིག་ཁར་ འབད་བཏུབ་ཟེར་ སྐྱབས་རྗེ་མཆོག་གིས་ གསུངས་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

གསར་སྤང་རྫོང་ སྤྱི་ལོ་༢༠༢༣ ལུ་ བསྒྲུབ་མི་ཚུགས་ནི་བཟུམ་ཡོདཔ།

༉ གསར་སྤང་རྫོང་གསར་བཞེངས་ཀྱི་ལཱ་ནང་ ལས་མི་ལངམ་མེདཔ་ལས་ ཐོགས་ལུས་ཏེ་ཡོདཔ་ཨིན་པས། དེ་ཡང་ རྒྱ་གར་གྱི་ལས་མི་ ལག་རྩལ་ཅན་ཚུ་ ས་མཚམས་སྒོ་ར་བསྡམས་ཞིནམ་ལས་ཚུར་ ནང་ན་ལེན་མ་ཚུགས་པའི་ཁར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་འོང་མི་ ལས་མི་ཚུ་ཡང་ ཞིང་ལཱ་འབད་བར་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *