སྐྱབས་རྗེ་རྗེ་མཁན་མཆོག་གིས་ རྒྱ་གར་རྒྱལ་པོའི་ཁབ་ལུ་ ས་བསླང་རྟེན་འབྲེལ་དང་ སྨོན་ལམ་ཆེན་མོ་གནང་ནི།

དེ་ཡང་ རྒྱ་འབྲུག་གི་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ཐབས་ལུ་ཨིན་པས།

༉ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ ཡོངས་གྲགས་ལུ་ རཱཇ་གིར་ཟེར་སླབ་མི་ རྒྱལ་པོའི་ཁབ་ལུ་ འབྲུག་པའི་ལྷ་ཁང་གསར་བཞེངས་ཀྱི་ ས་བསླང་རྟེན་འབྲེལ་དང་ སྨོན་ལམ་ཆེན་མོ་དབུ་བཞུགས་མཛད་གནང་ནིའི་དོན་ལས་ ད་རིས་ རྒྱ་གར་ལུ་ བྱོནམ་ཨིན་པས།
སྐྱབས་རྗེ་རྗེ་མཁན་མཆོག་དང་ ཕྱག་ཞུ་སྟེ་ གཞུང་དགེ་འདུན་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་དང་ ཡོན་ཏན་སློབ་དཔོན་ དེ་ལས་ ཚོགས་ཀྱི་སློབ་དཔོན་༣ བྱོན་ཡོདཔ་བཞིན་དུ་ ད་རིས་ གནས་ཆེན་རྡོ་རྗེ་གདན་བརྒྱུད་དེ་ རཱཇ་གིར་ལུ་ ཕེབས་ནི་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་གྱི་ཉིནམ་དང་འབྲེལ་ སྐྱབས་རྗེ་མཆོག་གིས་ རྒྱལ་པོའི་ཁབ་ལུ་ ལྷ་ཁང་བཞེངས་ནིའི་ ས་བསླང་རྟེན་འབྲེལ་མཛད་གནང་སར་ རྒྱ་གར་བི་ཧར་མངའ་སྡེའི་ གཙོ་འཛིན་བློན་པོ་ ནི་ཏིཤ་ཀུ་མར་གྱིས་ འགྱམ་རྡོ་བཙུགས་གནང་ནི་ཨིན་པས།
རཱཇ་གིར་ལུ་ འབྲུག་པའི་ལྷ་ཁང་གསར་བཞེངས་ཀྱི་དོན་ལུ་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ བདག་ཅག་གི་སྟོན་པ་ སངས་རྒྱས་ཤཱཀྱ་ཐུབ་པའི་ དུས་ཆེན་ལྔ་འཛོམས་ཀྱི་ཉིནམ་དང་བསྟུན་ སྐྱབས་རྗེ་རྗེ་མཁན་མཆོག་དང་ སྦྱིན་བདག་དག་པ་ཅིག་གིས་ བརྟན་རྩ་མ་དངུལ་ དངུལ་ཀྲམ་ས་ཡ་༥.༢ དེ་ཅིག་ རྒྱ་འབྲུག་མཐུན་འབྲེལ་བརྩི་སྲུང་གི་ འབྲུག་རྒྱལ་ཡོངས་འགོ་འདྲེན་ཚོགས་ཆུང་གི་ཁྲི་འཛིན་ ཁྲིམས་སྤྱི་བློན་པོ་བགྲེསཔ་ བསོད་ནམས་སྟོབས་རྒྱས་ལུ་ རྩིས་སྤྲོད་གནང་ཡོདཔ་ཨིན་པས།
རྒྱ་གར་གཞུང་གིས་ འབྲུག་གཞུང་ལུ་ སྤྱི་ལོ་༢༠༡༠ ལུ་ རཱཇ་གིར་ལས་ ས་ཆ་ཨེ་ཀར་༢ གནང་ཡོད་སར་ ལྷ་ཁང་དང་ འབྲུག་མི་གནས་སྐོར་འགྱོ་མི་དང་ ཚ་ཆུ་སྦང་མི་ཚུ་གི་དོན་ལུ་ མགྲོན་ཁྱིམ་རྐྱབ་ནི་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༡༢ ལུ་ སྐྱབས་རྗེ་མཆོག་གིས་ ཉིན་གྲངས་༧ གྱི་རིང་ལུ་ སྨོན་ལམ་ཆེན་མོ་དབུ་བཞུགས་མཛད་ནི་ཨིནམ་ད་ དེ་གི་དོན་ལུ་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ གྲྭ་ཚང་དང་ བཤད་གྲྭ་ཚུ་ལས་ དགེ་སློང་ཞལ་གྲངས་༢,༥༠༠ ལྷགཔ་ཅིག་ ཕུན་ཚོགས་གླིང་བརྒྱུད་དེ་ སྣུམ་འཁོར་བཱསི་ཚུ་ནང་ བཏང་ཡི་ཟེར་ གཞུང་གྲྭ་ཚང་གི་ ཡོངས་ཁྱབ་དྲུང་ཆེན་ པ་སངས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དགེ་སློང་ཚུ་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ རྒྱ་གར་གྱི་ འགྲུལ་འཁོར་བཱསི་༣༣ དང་ ཁ་ཙ་ བཱསི་༡༣ བཏང་ཡི་ཟེར་ཨིན་པས།
དགེ་སློང་ཚུ་དང་གཅིག་ཁར་ བདེ་སྲུང་ཡིག་ཚང་གིས་ བདེ་སྲུངཔ་༡༢༠ བཏང་ཡོདཔ་ཨིན་པས།
སྐྱབས་རྗེ་རྗེ་མཁན་མཆོག་དང་ ཕྱག་ཞུ་མི་ཚུ་ སྤྱི་ཟླ་༡༡ པའི་ཚེས་༢༠ ལུ་ རྡོ་རྗེ་གདན་མཆོད་རྟེན་ནང་ ཆིབས་སྐྱོད་གནང་ནི་ཨིནམ་ད་ དེ་གི་ནངས་པར་ རྡོ་རྗེ་གདན་ལུ་ཡོད་མི་ འབྲུག་པའི་ལྷ་ཁང་ལུ་ རབ་གནས་གནང་ནི་ཨིན་པས།
སྐྱབས་རྗེ་མཆོག་དང་ ཕྱག་ཞུ་མི་ཚུ་ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ ལོག་རྒྱལ་ཁབ་ནང་ འབྱོན་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *