ནད་འབུབ་ཀྱིས་ གནོདཔ་རྐྱབ་མི་ ཀེ་བའི་ཞིང་།

སྐྱབས་ཆ་དང་ བྱག་ཕྱོགས་རྒེད་འོག་ནང་ ནད་འབུབ་ཀྱིས་ ཀེ་བ་ཚུ་ མེདཔ་བཏང་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ བྱག་ཕྱོགས་དང་ སྐྱབས་ཆ་རྒེད་འོག་ཚུ་ནང་ ལེཊི་བ་ལེཊི་ཟེར་མི་ ཀེ་བའི་ནད་འབུབ་དེ་གིས་ ཀེ་བའི་ར་ཏོག་ཚུ་ མེདཔ་བཏང་སྟེ་ ཀེ་བ་སྐྱེ་ནི་ལུ་ བར་ཆད་རྐྱབ་མི་ལུ་བརྟེན་ རྒེད་འོག་གི་མི་སེར་ཚུ་ ན་ཧིང་བཟུམ་སྦེ་ ཀེ་བའི་ཐོན་སྐྱེད་ འབད་མི་ཚུགས་ནི་ཨིན་པས།

བྱག་ཕྱོགས་རྒེད་འོག་ རྩི་མ་ཁ་གི་ཚོགས་པ་ ཆོས་སྐུ་གིས་ སླབ་མིའི་ནང་ ནད་འབུབ་དེ་གིས་ གཡུས་ཚན་༥ ག་རའི་ནང་ གནོད་པ་རྐྱབ་ནུག་ཟེར་ཨིནམ་ད་ ནད་གཞི་དེ་ཡང་ སྤྱི་ཟླ་༣ པ་ལས་ ཁྱབ་སྤེལ་སོང་ཡོདཔ་ལས་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ ཡོད་ཟེར་ཨིན་པས།
ཀེ་བ་འཛུགས་སྐྱོང་འབད་ནིའི་དོན་ལས་ མི་སེར་མང་ཤོས་ཅིག་གིས་ར་ སྐྱིན་འགྲུལ་ལེན་ཡོདཔ་ད་ བྱག་ཕྱོགས་རྒཔོ་ དཔལ་འབྱོར་རྡོ་རྗེ་གིས་ སླབ་མིའི་ནང་ ནད་འབུབ་དེ་གིས་ ཀེ་བ་ཞིང་ག་རའི་ནང་ གནོད་པ་རྐྱབ་ནུག་ཟེར་ཨིན་པས།
ཀེ་བ་དེ་ རྒེད་འོག་༢ ཀྱི་ དངུལ་ཐོག་གཙོ་བོ་ཅན་ཨིནམ་བཞིན་དུ་ མི་སེར་ཚུ་གིས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་ས་ཡ་ལས་བཅད་དེ་ བཟོ་དོ་ཡོདཔ་ད་ བྱག་ཕྱོགས་རྒེད་འོག་ནང་ ཁྱིམ་གུང་༢༠༠ དེ་ཅིག་ ཡོདཔ་ཨིན་པས།
སོ་ནམ་པ་ ཀརྨ་ཡེ་ཤེས་ཀྱིས་འབད་བ་ཅིན་ ཁོ་ལུ་ ཀེ་བའི་ཞིང་ཨེ་ཀར་༦ དེ་ཅིག་ ཡོད་ཟེར་ཨིནམ་ད་ ཨིན་རུང་ ཀེ་བ་ཚུ་ ནད་འབུབ་དེ་གིས་ མེདཔ་བཏང་མི་ལུ་བརྟེན་ ཀེ་བའི་འདབ་མ་ཚུ་ ནགས་ཚལ་མེ་རྐྱེན་གྱིས་ འཚིགས་སོཔ་བཟུམ་སྦེ་ སྐམ་འགྱོ་བའི་ཁར་ ཀེ་བ་གི་ཐོན་ཤུགས་ཡང་ ཆུང་ཀུ་མ་གཏོགས་ སྦོམ་མིན་འདུག་ཟེར་ཨིན་པས།
སྐྱབས་ཆ་རྒཔོ་ སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ནད་གཞི་དེ་ བྱག་ཕྱོགས་རྒེད་འོག་ནང་ ཐོན་པའི་ཤུལ་ལས་ ཁྱབ་སྤེལ་སོང་སྟེ་ ཀེ་བའི་ས་ཞིང་ཨེ་ཀར་ལས་བཅད་དེ་ མེད་བཏང་ཡི་ཟེར་ཨིནམ་ད་ སྐྱབས་ཆ་དང་ སློབ་གཉེར་ཁ་ དེ་ལས་ བུ་ནོར་ཁ་བརྩིས་ཏེ་ སྤྱི་འོག་༣ གྱི ཀེ་བའི་ཞིང་ཚུ་ནང་ གནོད་པ་སྦོམ་སྦེ་ར་ རྐྱབ་ནུག་ཟེར་ཨིན་པས།
ཆུ་ཁ་རྫོང་ཁག་གི་ སོ་ནམ་ཡིག་ཚང་ལས་ སོ་ནམ་འགོ་དཔོན་ བསོད་ནམས་ཀྱིས་ སླབ་མིའི་ནང་ ས་གནས་ཚུ་ནང་ ནད་གཞི་ཐོན་མི་དེ་ གསརཔ་ཅིག་མེན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ ནད་འབུབ་དེ་གིས་ ཀེ་བ་བསྡུ་ནི་རནམ་ད་མ་གཏོགས་ གནོད་པ་རྐྱབ་ནི་མེད་ཟེར་ ཨིན་རུང་ ད་རེས་ ཀེ་བའི་ར་ཏོག་ བཏགས་པའི་བསྒང་ལས་ར་ མེདཔ་གཏང་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ སོ་ནམ་པ་ཚུ་གིས་ ཀེ་བའི་ཞིང་ཚུ་ནང་ ཧམ་སྨན་ཚུ་ མ་བླུགས་པར་ ཐབས་མེད་ཡར་སོང་ནུག་ཟེར་ཨིནམ་ད་ ད་རེས་ནངས་པར་ ས་གནས་ཚུ་ནང་ ཆརཔ་རྐྱབ་མི་ལུ་བརྟེན་ ནད་གཞི་ཚུ་ ཁྱབ་སྤེལ་འགྱོཝ་མས་ཟེར་ཨིན་པས།
རྫོང་ཁག་སོ་ནམ་ཡིག་ཚང་དང་ རྒྱལ་ཡོངས་ཀེ་བའི་ལས་རིམ་གྱི་ མཁས་མཆོག་ཚུ་གིས་ གནོད་པ་རྐྱབ་མི་ ཀེ་བའི་ཞིང་ཚུ་ནང་ ཞིབ་དཔྱད་འབད་བའི་ སྙན་ཞུ་ཚུ་ གཏན་འཁེལ་སོང་ཞིནམ་ལས་རྐྱངམ་གཅིག་ སེལ་ཐབས་འབད་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ་དང་ ར་ཇེསི་རའེ།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *