བུ་དྷ་ རཱཇ་ མཱཇ་ཧི་གིས་ སྐྱ་བཏོག་པའི་བསྒང་།

སྐྱ་བཏོག་ནིའི་ ལཱ་ལུ་བརྟེན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ།

༉ འདས་པའི་ལོ་དག་པ་ཅིག་གི་ཧེ་མར་ བཀྲིས་གཡང་རྩེ་ཁྲོམ་ཁར་ སྐྱ་བཏོག་ཁང་ཅིག་མེདཔ་ལས་ ས་གནས་ཀྱི་ མི་སེར་ལ་ལོ་ཅིག་གིས་ སྐྱ་བཏོག་པར་ བཀྲིས་སྒང་ལུ་འགྱོ་དགོ་པའི་ གནས་སྟངས་ཤར་མི་དེ་ ད་རེས་ བསལ་ཚུགས་ཏེ་འདུག།
དེ་ཡང་ དར་དཀར་ནང་ ཀ་ལི་ཁོ་ལ་ལས་ སྐྱེས་ལོ་༢༡ ལང་མི་ བུ་དྷ་ རཱཇ་ མཱཇ་ཧི་གིས་ སྐྱ་བཏོག་ཁང་གསརཔ་ཅིག་ སྒོ་ཕྱེས་ནི་དེ་གིས་ ཨིན་པས།
བུ་དྷ་ རཱཇ་ མཱཇ་ཧི་གིས་ བཀྲིས་གཡང་རྩེ་ལུ་ སྐྱ་བཏོག་ཁང་བཙུགས་ཏེ་ འོང་འབབ་བཟོ་ཚུགས་པའི་ འོས་འབབ་མཐོང་བའི་ཤུལ་ལས་ སྤྱི་ལོ་༢༠༡༧ ལུ་ སྐྱ་བཏོག་ཁང་ཅིག་ སྒོ་ཕྱེས་ཡོདཔ་ད་ དེ་བསྒང་ སྐྱ་བཏོག་ནིའི་ཁྱད་རིག་དེ་ཅིག་ མ་ཐོབ་པར་སྡོད་ཡོདཔ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཀྲིས་གཡང་རྩེ་ལུ་ མི་རློབས་ཡར་སེང་འགྱོ་དོ་ཡོདཔ་ལས་ ཚོང་འབྲེལ་གྱི་ དཀའ་ངལ་མི་འཐོན་ནི་མས་ཟེར་ཨིནམ་ད་ གོང་ཚད་ཡང་ རན་ཏོག་ཏོ་སྦེ་ བཞག་སྟེ་ཡོད་ཟེར་ཨིན་པས།
སྐྱ་བཏོག་ནི་དེ་ ཁོ་གི་དོན་ལུ་ ཏི་རུའི་ཤིང་བཟུམ་ཅིག་ཨིན་ཟེར་ ཁོ་གིས་ བཤད་པའི་ཁར་ མི་སེར་ཚུ་ ཟླཝ་རེ་ལུ་ཚར་རེ་ ཨིན་ཅི་མིན་ཅི་ འོང་དོ་ཡོདཔ་ལས་ སྐྱ་བཏོགས་མི་ལུ་བརྟེན་ འོང་འབབ་རྒྱུན་མ་ཆད་པར་ འཐོབ་ཚུགས་པས་ཟེར་ཨིན་པས།
སྐྱ་བཏོག་ཁང་དེ་ བཀྲིས་གཡང་རྩེ་ཁྲོམ་གྱི་སྦུག་ལུ་ཡོདཔ་ད་ ཁོ་གིས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༦༠,༠༠༠ དེ་ཅིག་ འོང་འབབ་བཟོ་དོ་ཡོདཔ་ད་ ཁོ་གི་དོན་ལུ་ འོང་འབབ་ཀྱི་འབྱུང་ཁུངས་ ངོ་མ་ཅིག་ཨིན་པས།
བུ་དྷ་ རཱཇ་ མཱཇ་ཧི་དེ་ ཁོ་རའི་ སྤུན་ཆ་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ཨིནམ་ད་ སྐྱ་བཏོག་སྟེ་ཐོབ་པའི་ འོང་འབབ་དེ་གིས་ ཁོ་རའི་ ཕམ་དང་སྤུན་ཆ་ཚུ་གི་ ཟད་འགྲོ་གཏང་ནི་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ད་ ཁོ་ར་ཡང་ ལངམ་སྦེ་སྡོད་ནིའི་ གོ་སྐབས་ཐོབ་སྟེ་འདུག་ཟེར་ ཨིན་པས།
སྤྱི་ལོ་༢༠༡༤ ལུ་ ཁོ་གིས་ སློབ་རིམ་༡༡ པའི་ནང་ དཔེ་ཆ་ལྷབ་ནིའི་གོ་སྐབས་ མ་ཐོབ་པའི་ཤུལ་ལུ་ དར་དཀར་ནང་ ཀ་ལི་ཁོ་ལ་ལུ་ གྲོང་གསེབ་སྒོ་ནོར་ལས་རོགསཔ་སྦེ་ སྡོད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སློབ་རིམ་༡༠ པ་ལས་ མཐར་མ་འཁྱོལ་རུང་ བློ་འགྱོད་བསྐྱེད་དགོཔ་མེད་ཟེར་ཨིནམ་ད་ སྐྱ་བཏོག་ཁང་ལུ་བརྟེན་ ཟད་འགྲོ་ལངམ་ཅིག་ འཐོབ་ཚུགས་པས་ཟེར་ཨིན་པས།
ལོ་ན་ཆུང་ཀུའི་བསྒང་ལས་ར་ སྐྱ་བཏོག་ཤེས་ཟེར་ བུ་དྷ་ རཱཇ་ མཱཇ་ཧི་གིས་ བཤད་པའི་ཁར་ ཧེ་མ་ སྦས་གླིང་སློབ་གྲྭ་ལྟེ་བ་ནང་ དཔེ་ཆ་ལྷབ་སྡོདཔ་ད་ར་ སྐྱ་བཏོག་ནིའི་སྡེ་ཚན་ནང་ འཛུལ་ཞུགས་འབད་དེ་ སྐྱ་བཏོག་ནི་ཚུ་ ལྷབ་སྦྱང་འབད་ཡི་ཟེར་ ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དགེ་ལེགས་ཕུག་ལུ་ སྐྱ་བཏོག་ནིའི་ཁྱད་རིག་གི་ སྦྱོང་བརྡར་བྱིནམ་ད་ ཉིན་གྲངས་༢༡ གི་རིང་ སྦྱོང་བརྡར་འབད་ཡི་ཟེར་ ཨིན་པས།
བཀྲིས་གཡང་རྩེ་ལུ་ ཧེ་མ་ སྐྱ་བཏོག་ཁང་ཅིག་ཡོད་མི་དེ་གིས་ སྐྱ་ལེགས་ཤོམ་སྦེ་ མ་བཏོག་པའི་ཁར་ གླ་མཐོ་དྲགས་སྦེ་ ལེན་མི་ལུ་བརྟེན་ མི་སེར་ཚུ་གིས་ ཉོགས་བཤད་བཀོད་དེ་ སྒོ་བསྡམས་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བཀྲིས་སྒང་ལུ་ཡོད་པའི་ སྐྱ་བཏོག་ཁང་གི་ཇོ་བདག་ ཨོ་རྒྱན་དི་པག་གིས་ ཁོ་ལུ་ སྐྱ་བཏོག་ནིའི་སེམས་ཤུགས་བྱིན་ཡོདཔ་ད་ ཁོ་གིས་ སྐྱ་བཏོག་ཐངས་དང་ ཅ་ཆས་བཞག་ཐངས་ དེ་ལས་ གཙང་སྦྲ་བཏོན་ཐངས་ཚུ་ སྟོན་བྱིན་ཡི་ཟེར་ཨིན་པས།
ད་རེས་ནངས་པར་ ན་གཞོན་ཚུ་གིས་ སྐྱ་བཏོག་ནི་ལུ་ སེམས་ཤུགས་བསྐྱེད་མི་ ལེ་ཤ་འདུག་ཟེར་ཨིནམ་ད་ འོང་འབབ་རྒྱུན་མ་ཆད་པར་ཐོབ་མི་ལུ་བརྟེན་ ཕམ་ཚུ་གིས་ཡང་ རྒྱབ་སྐྱོར་འབད་དོ་ཡོདཔ་མ་ཚད་ ཕམ་ལ་ལོ་ཅིག་གིས་ སྐྱ་བཏོག་ཐངས་ སྟོན་བྱིན་དགོ་པའི་སྐོར་ལས་ རྒྱབ་སྐྱོར་འཚོལ་མི་འདུག་ཟེར་ བུ་དྷ་ རཱཇ་ མཱཇ་ཧི་གིས་ སླབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

བཀྲིས་སྒང་མཁའ་གླིང་ བྱི་རི་ལས་མི་སྤྱི་འོག་ནང་ ཟམ་༢ རྐྱབ་དགོཔ་ཡོདཔ།

༉ གནམ་བྱཱར་ཆར་ཆུ་འབོར་བའི་སྐབས་དང་ ལ་མཐོ་ས་ཆརཔ་རྐྱབ་ད་ བཀྲིས་སྒང་མཁའ་གླིང་རྒེད་འོག་ བྱི་རི་ལས་མི་སྤྱི་འོག་གི་མི་སེར་ཚུ་ ཨ་རྟག་ར་ ཚང་གྱང་ལང་དགོཔ་ཐོན་དོ་ཡོདཔ་ཨིན་པས། དེ་ཡང་ ས་གནས་ ལ་ལུང་གྲང་ཟེར་ས་ལུ་ གཏན་འཇགས་ཀྱི་ ཟམ་ཅིག་མེད་མི་ལུ་བརྟེན་ རོང་ཆུ་བྲེས་འོངམ་ད་ འགྲོ་འགྲུལ་འབད་མི་གི་ ཚེ་སྲོག་ལུ་གནོད་ཉེན་ཡོདཔ་མ་ཚད་ …

Leave a Reply

Your email address will not be published. Required fields are marked *