ཨྱོན་དི་པག་གིས་ སྐྱ་བཏོག་ནིའི་སྦྱོང་བརྡར་ བྱིན་པའི་བསྒང་།

སྐྱ་བཏོག་ནི་དང་ བཟོ་བཟོ་ཐངས་ཀྱི་ སྦྱོང་བརྡར།

༉ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་ནང་ སློབ་སྟོན་མ་འབད་མི་ ལས་བྱེདཔ་ཚུ་གིས་ བསམ་གྲུབ་ལྗོངས་མཁར་ལུ་སྦེ་ འགོ་འདྲེན་འཐབ་མི་ སྐྱ་བཏོག་ནི་དང་ བཟོ་བཟོ་ཐངས་ཀྱི་ ཅ་ཆས་ལ་སོགས་པ་ཚུ་ ལག་ལེན་འཐབ་ནིའི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་དོ་ཡོདཔ་ལས་ སློབ་གྲྭ་ཁག་ཚུ་ནང་ བསྒྱུར་བཅོས་འབད་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་པས།
སྤྱི་ཟླ་༡ པའི་ཚེས་༤ ལས་འགོ་བཙུགས་མི་ སྦྱོང་བརྡར་དེ་ སྤྱི་ཚེས་༡༣ ལུ་ མཇུག་བསྡུ་ནི་ཨིནམ་ད་ ལས་རིམ་དེ་ ཚོང་དང་བཟོ་གྲྭ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ བཀྲིས་སྒང་གི་ སྐྱ་བཏོག་མི་མཁས་མཆོག་ ཨྱོན་དི་པག་གིས་ སྦྱོང་བརྡར་བྱིན་དོ་ཡོདཔ་ཨིན་པས།
ཨྱོན་དི་པག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་མང་ཤོས་ཅིག་ནང་ སྐྱ་བཏོག་པའི་སྐབས་ ཚུལ་དང་མ་མཐུན་པར་ བཏོག་དོ་ཡོད་པའི་ཁར་ སྐྱ་བཞུར་བའི་སྐབས་ཡང་ བེ་ལེཌ་༡ གིས་ མི་༣ དང་༤ དེ་རེ་ ལག་ལེན་འཐབ་དོ་ཡོད་པའི་ དོགས་པ་ཡོདཔ་མ་ཚད་ རྨ་བཏོན་ཁྲག་བཏོན་འབད་མི་དེ་གིས་ ནད་གཞི་ཨེཆི་ཨའེ་བི་ལ་སོགས་པ་ཚུ་ འབུ་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྦྱོང་བརྡར་ག་ཏེ་འགོ་འདྲེན་འཐབ་རུང་ ལག་ལེན་དངོས་བསྟར་འབད་བའི་སྐབས་ མང་ཤོས་ཅིག་གིས་ རྨ་བཏོན་ཁྲག་བཏོན་འབད་དོ་ཡོད་རུང་ ད་རེས་ཀྱི་ སྦྱོང་བརྡར་ནང་ དེ་བཟུམ་ག་ནི་ཡང་ མ་མཐོང་མི་དེ་ འགོ་དང་པ་ཨིནམ་ད་ ཁོ་གིས་ གྱིམ་ཙི་དང་ ཀི་ལི་པར་ལ་སོགས་པའི་ ལག་ཆས་བཟུང་ཐངས་ སྐྱ་བཟོ་ཐངས་དང་གཏོག་ཐངས་ གདེང་ཁེབས་གྱོན་ཐངས་ ཕེ་ཤི་ཡལ་དང་ ཧུམ་འཕུར་རྐྱབ་ཐངས་ལ་སོགས་པ་ཚུ་ སྟོན་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཙང་སྦྲ་དང་མ་ལྡནམ་སྦེ་ སྐྱ་བཏོག་པ་ཅིན་ དེ་གིས་ གནོད་པ་ག་དེ་སྦེ་ ཡོདཔ་ཨིན་ན་ མང་ཤོས་ཀྱིས་ མི་ཤེས་པས་ཟེར་ཨིན་རུང་ ཚོང་དང་བཟོ་གྲྭ་ལས་ཁུངས་ཀྱིས་ ཅ་ཆས་ཚུ་ གྲོགས་རམ་འབད་ནི་ཨིནམ་ལས་ ད་ལས་ཕར་ སློབ་གྲྭ་ཁག་ཚུ་ནང་ གཙང་སྦྲ་དང་ལྡན་པའི་ཁར་ ཚུལ་དང་མཐུནམ་སྦེ་ སྐྱ་བཏོག་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
སྐྱ་བཏོག་ཁང་བཙུགས་ཏེ་ ཚོང་འབྲེལ་འཐབ་ནི་དེ་ མང་ཤོས་ཀྱིས་ ངོ་ཚ་སྡོདཔ་མས་ཟེར་ཨིནམ་ད་ ཚོང་འབྲེལ་དེ་ ཁེ་སང་སྦོམ་ཡོད་མི་དེ་ཡང་ ཐ་ན་ཉིནམ་༡ ནང་ མི་༣ དེ་ཅིག་གི་ སྐྱ་གནགཔ་བཟོ་རུང་ ཟླཝ་༡ ནང་ ཁེ་སང་དངུལ་ཀྲམ་༣༠,༠༠༠ དེ་ཅིག་དང་ སྐྱ་བཏོག་མི་ཚུ་ཡང་ བརྩི་བ་ཅིན་ ཟླཝ་༡ ནང་ དངུལ་ཀྲམ་༦༠,༠༠༠ ལྷགཔ་ཅིག་ བཟོ་ཚུགས་དོ་ཡོདཔ་ལས་ ཚོང་འབྲེལ་དེ་ ཏི་རུའི་ཤིང་བཟུམ་ཅིག་ ཨིན་ཟེར་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ སྐྱ་བཏོག་ནི་དང་བཟོ་བཟོ་ནི་ལུ་ སྤྲོ་བ་ཡོདཔ་བཞིན་དུ་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་གི་ སྐྱ་བཏོག་ནི་ཡོད་རུང་ ད་རེས་ སྦྱོང་བརྡར་ནང་ བཅའ་མར་བཏོགས་ལྟཝ་ད་ སློབ་གྲྭ་ཁག་ཚུ་ནང་ སྐྱ་བཏོགས་མི་དེ་ གཙང་སྦྲ་དང་ མ་ལྡན་པའི་ཁར་ ཚུལ་དང་མཐུནམ་ཨིནམ་སྦེ་ ཤེས་ཚུགས་ཅི་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྐྱ་བཏོག་ནི་དང་ སྐྱ་བཞུར་བའི་སྐབས་ བེ་ལེཌ་བཙུགས་ཐངས་ ཤིང་གིས་བཟོ་སྟེ་ རང་ལུགས་ཀྱི་ཐོག་ལས་ འབད་སྡོད་མི་ལུ་བརྟེན་ ཐ་ན་ གྱིམ་ཙེ་བཟུང་ཐངས་ཅིག་ཡང་ མ་ཤེས་པས་ཟེར་ཨིནམ་ལས་ སྦྱོང་བརྡར་ནང་ ཁག་ཆེ་ཤོས་ར་ ཀི་ལི་པར་དང་ གྱིམ་ཙི་བཟུང་ཐངས་ཚུ་ ཨིན་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་ལྟོ་ ཞི་གཡོག་ནང་སྡོད་རུང་ ངལ་གསོའི་སྐབས་ སྐྱ་གཏོག་ནི་དང་ གནགཔ་ལ་སོགས་པ་བཟོ་ཐོག་ལས་ འོང་འབབ་བཟོ་ཚུགས་པའི་ གོ་སྐབས་ཡོདཔ་མ་ཚད་ ག་དེམ་ཅིག་སྦེ་ གཡོག་ནང་ལས་ དགོངས་ཞུ་འབད་རུང་ སྐྱ་བཏོག་ཁང་དང་ བཟོ་བཟོ་ཁང་གཞི་བཙུགས་འབད་དེ་ ཚོང་འབྲེལ་འཐབ་ཚུགས་པའི་ ཁེ་ཕན་འདུག་ཟེར་ཨིནམ་ད་ ལོག་སློབ་གྲྭའི་ནང་ ལྷོད་ཞིནམ་ལས་ ཉམས་མྱོང་ཐོབ་མི་ཚུ་ བརྗེ་སོར་འབད་ནི་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *