སྐྱ་ནམ་གྱི་ གོང་ཚད་ཡར་སེང་འགྱོ་མི་དེ་ འདས་པའི་ལོ་༥ འི་ནང་ མཐོ་ཤོས་ཅིག་ཨིནམ།

༉ ནད་ཡམས་ཐོན་མི་དང་འབྲེལ་ བཟའ་འཐུང་གི་རིགས་ཚུ་ གོང་ཚད་ཡར་སེང་འགྱོ་ནི་ལུ་ དོགས་པ་མེདཔ་བཞིན་དུ་ ད་ལས་ཕར་འབད་རུང་ སྐྱ་ནམ་གྱི་གོང་ཚད་ཚུ་ ཡར་སེང་འགྱོ་སྲིད་ནི་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ གསལ་སྟོན་འབད་མི་ གནས་སྡུད་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ནང་གི་ གོང་ཚད་དེ་ ན་ཧིང་ སྤྱི་ཟླ་༧ པ་དང་ཕྱདཔ་ད་ བརྒྱ་ཆ་༧.༥༦ ཡར་སེང་འགྱོ་མི་དེ་ འདས་པའི་ལོ་༥ འི་ནང་ ཡར་སེང་མཐོ་ཤོས་ཅིག་ཨིན་པས།
ཡར་སེང་དེ་ཡང་ གཙོ་བོ་ར་ བཟའ་འཐུང་གི་རིགས་ནང་ གོང་ཚད་བརྒྱ་ཆ་༡༤.༩༡ གིས་ ཡར་སེང་སོང་མི་ལུ་བརྟེན་ཨིནམ་ད་ ན་ཧིང་གི་ལོ་ནང་ ཟླཝ་དེ་ནང་གི་ གོང་ཚད་ཡར་སེང་དེ་ བརྒྱ་ཆ་༥.༩༩ ལས་མེད་མི་དེ་ བརྒྱ་ཆ་༨.༩༢ ཀྱིས་ ཡར་སེང་སོང་བའི་ རྟགས་མཚན་ཅིག་ཨིན་པས།
བཟའ་འཐུང་གི་གྲས་ལས་ ཡར་སེང་ལུ་ལྷན་ཐབས་འབད་མི་ ངོ་མ་ཅིག་དེ་ ཤ་རིགས་ནང་བརྒྱ་ཆ་༣༨.༠༤ དང་ཉ་གིས་བརྒྱ་ ཆ་༢༦.༤༦ ཚོད་བསྲེ་གིས་བརྒྱ་ཆ་༢༠.༨༦ ཨོམ་དང་དར་ཚིལ་ དེ་ལས་ སྒོང་རྡོག་གིས་ བརྒྱ་ཆ་༡༧.༡༣ དང་ ཤིང་འབྲས་ཀྱིས་ བརྒྱ་ཆ་ ༡༦.༦༨རེ་ ཡར་སེང་སོང་ཡོདཔ་ཨིན་པས།
བཟའ་འཐུང་མེན་པའི་རིགས་ནང་འབད་བ་ཅིན་ འདས་པའི་ལོ་༡ ནང་ བརྒྱ་ཆ་༡.༦༨ ལས་བརྒལ་ ཡར་སེང་མེད་པའི་ཁར་ བཟའ་འཐུང་མེན་པའི་རིགས་ནང་ཚུད་མི་ སྤྱིར་བཏང་གོང་ཚད་ཡར་སེང་ སོང་ཡོད་རུང་ བརྒྱུད་འབྲེལ་གྱི་གོང་ཚད་དེ་ འཕྲལ་ཁམས་ཅིག་ཁར་ བརྒྱ་ཆ་༦.༡༦ གིས་ མར་བབས་སོང་མི་དེ་ཡང་ གཙོ་བོ་ར་ ཌེ་ཊ་ལག་ལེན་གྱི་གོང་ཚད་ མར་ཕབ་རྐྱབ་ མི་ལུ་བརྟེན་ཨིན་པས།
སྤྱི་ཟླ་༧ པ་རྐྱངམ་གཅིག་ནང་གི་ གནས་གོང་ལུ་བལྟ་བ་ཅིན་ འདས་པའི་ལོ་གི་ སྤྱི་ཟླ་༧ པ་དང་ཕྱདཔ་ད་ དུས་ཅི་ སྤྱི་ཟླ་༧ པའི་ནང་ བརྒྱ་ཆ་༣.༢༧ གྱིས་ ཡར་སེང་ཡོད་མི་དེ་ཡང་ མཐོ་ཤོས་ཨིན་པས།
ཟླཝ་དེ་ནང་ ཤ་གི་གོང་ཚད་དེ་ བརྒྱ་ཆ་༣༦.༢༥ ཡར་སེང་སོང་ཡོདཔ་ད་ ཉ་བརྒྱ་ཆ་༡༡.༥༣ དེ་ལས་ ཚོད་བསྲེ་གི་རིགས་ཚུ་ བརྒྱ་ཆ་༨.༧༣ ཡར་སེང་སོང་མི་དེ་གིས་ བཟའ་འཐུང་རིགས་ཀྱི་གོང་ཚད་ བརྒྱ་ཆ་༥.༩༩ ཡར་སེང་འགྱོ་མི་དེ་ དེ་ལུ་བརྟེན་བྱུང་ནུག།
གོང་ཚད་ཡར་སེང་འགྱོ་མི་དེ་གིས་ སྤྱི་ལོ་༢༠༡༢ ལོ་ནང་ དངུལ་ཀྲམ་༡༠༠གི་གནས་གོང་ལུ་ གཞི་བཞག་པ་ཅིན་ ད་རེས་ དངུལ་ཀྲམ་༡༠༠དེ་ དངུལ་ཀྲམ་༦༧ གྱི་གནས་གོང་ལུ་ ལྷོད་མི་དེ་ འདས་པའི་ལོ་ཅིག་ནང་ དཔལ་འབྱོར་གྱི་གོང་ཚད་ ཡར་ སེང་སོང་མི་ལུ་བརྟེན་ བརྒྱ་ཆ་༤.༣༤ གིས་ མར་བབས་སོང་བའི་ རྟགས་མཚན་ཨིན་པས།
གོང་ཚད་ཡར་སེང་དེ་ལུ་ ཁྱད་པར་བཟོ་མི་ཅིག་དེ་ ནད་ཡམས་ལུ་བརྟེན་ ནང་འདྲེན་འབད་ནི་མེདཔ་ལས་ ནང་འཁོད་ལས་ཐོན་ མི་ཚུ་ལུ་ གོང་ཚད་མཐོ་སུ་གནས་མི་ལུ་བརྟེན་ཡང་ ཨིན་པས།
དཔལ་འབྱོར་གྱི་གནས་སྟངས་དེ་ དུས་ཅི་ ལོ་འགོ་བཙུགསཔ་ད་ར་ གདོང་ལེན་བྱུང་ནི་དེ་གིས་ སྤྱི་ཟླ་༥ པའི་ནང་ཡང་ བརྒྱ་ཆ་༤.༡༧ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོབ་མི་དང་པ་ མ་ཐོན་པའི་ཧེ་མར་ སྐྱ་ནམ་གྱི་གོང་ཚད་དེ་ བརྒྱ་ཆ་༢ ལྷགཔ་ཅིག་ལས་ མེདཔ་ ཨིན་རུང་ གནས་སྟངས་དེ་ ཚབས་ཆེན་ཅིག་ལུ་ གྱུར་དོ་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ འདས་པའི་དྲི་ལན་ནང་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དེ་ གནས་སྟངས་སྐྱོ་དྲགས་ཅིག་ནང་ ཡོད་དེ་འབད་རུང་ ཚབས་ཆེན་ནང་ མ་ལྷོད་ཟེར་ བཤད་ཡོདཔ་ཨིན་པས།
དཔལ་འབྱོར་གྱི་གནས་སྟངས་དེ་ལུ་ ལྷན་ཐབས་འབད་ནིའི་དོན་ལུ་ སྒེར་སྡེ་ལུ་ རེ་བ་བསྐྱེད་ནིའི་ དུས་ཚོད་ཨིན་ཟེར་ དངུལ་ རྩིས་བློན་པོ་གིས་ བཤད་ཡོདཔ་ད་ དཔལ་འབྱོར་དེ་ སྔར་ག་ཨིནམ་ལུ་ ལྷོད་ཚུགསཔ་བཟོ་ནི་གི་དོན་ལུ་ མཐུན་རྐྱེན་ཚུ་ ལངམ་ སྦེ་ཡོད་ཟེར་བཤད་ཅི།
སྐྱ་ནམ་གྱི་གོང་ཚད་ ཡར་སེང་འགྱོ་ནི་དེ་ ཁྲོམ་སྡེ་ནང་སྡོད་མི་ཚུ་ལུ་ འབྱེམ་ཤུགས་ཕོགས་ཏེ་ཡོད་མི་དེ་ཡང་ ཁང་གླ་སྤྲོད་དགོ་པའི་ཁར་ བཟའ་འཐུང་གི་དོན་ལུ་ ཟད་འགྲོ་ལྕི་དྲགས་སྦེ་ གཏང་དགོ་ནི་དེ་གིས་ཨིན་པས།
དངུལ་ཕོགས་ལུ་བརྟེན་སྡོད་མི་ཚུ་ལུ་ གནས་སྟངས་དེ་ ཧེང་སྐལ་ར་ སྐྱོ་དྲགས་འགྱོ་མི་དེ་ཡང་ རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ གནས་སྟངས་ལུ་བརྟེན་ དངུལ་ཕོགས་ཀྱི་ ཐོབ་ལམ་ཚུ་ཡང་ ཚད་འཛིན་འབད་ནི་དེ་གིས་ ཨིན་པས།
ཁྱིམ་གྱི་ཇོ་བདག་ རེ་གཉིས་ཀྱིས་ ཁང་གླ་ཕབ་ཆག་འབད་རུང་ མང་ཤོས་ཀྱིས་ མ་འབདཝ་ལས་ ད་ལས་ཕར་ ཞི་གཡོགཔ་དང་ ལས་འཛིན་ཚུ་ནང་ལཱ་འབད་མི་ དེ་ལས་ སྒེར་སྡེ་ཚུ་ནང་ལཱ་འབད་མི་ཚུ་ལུ་ འབྱེམ་ཤུགས་སྦེ་ར་ ཕོག་ནི་ཨིན་པའི་ གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *