སོ་ནམ་ལས་སྡེ་ལུ་ དམིགས་གཏད་བཟུང་དགོཔ་ གལ་ཆེཝ།

༉ འབྲུག་གི་ དཔལ་འབྱོར་གཞི་རྟེན་ ངོ་མ་ཅིག་ཨིན་མི་ སོ་ནམ་ལས་སྡེ་གིས་ གོང་འཕེལ་གྱི་ ལས་སྣ་ཚུ་དང་འབྲེལ་བའི་ སེམས་ཤུགས་བསྐྱེད་དགོ་མི་དེ་ཡང་ ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ཧེ་མར་ འཆར་གཞི་གོང་འཕེལ་ འགོ་བཙུགས་པའི་སྐབས་ལས་ར་ ལས་སྡེ་དེ་ ཡར་ཐོན་འགྱོ་མ་ཚུགས་པར་ རྒྱབ་ཁར་ལུས་ནི་དེ་གིས་ཨིན་མས།
འཕྲལ་ཁམས་ཀྱི་ ལོ་ཚུ་ནང་ སོ་ནམ་ལས་སྡེ་གིས་ རྒྱལ་ཁམས་ཀྱི་དཔལ་འབྱོར་ལུ་ ལྷན་འདེབས་བརྒྱ་ཆ་༤༤ ལས་ བརྒྱ་ཆ་༢.༣ ལུ་ མར་བབས་སོང་མི་དེ་ ཡ་མཚན་ཆེ་བའི་ གནད་དོན་ཅིག་ཨིན་མས།
འབྲུག་གི་ གོང་འཕེལ་འཆར་གཞི་ཚུ་ སྤྱི་ལོ་༡༩༦༠ རེ་གྲངས་ཀྱི་སྔ་ཆ་ལུ་ འགོ་བཙུགས་ཞིནམ་ལས་ཚུར་ བཟའ་འཐུང་ནང་ རང་མགོ་རང་འདྲོངས་ཀྱི་ དམིགས་གཏད་འགྲུབ་ནི་ལུ་ ལེགས་བསྒྱུར་སྦོམ་ཅིག་ར་ འགྱོ་མ་ཚུགས་པར་ཡོདཔ་ད་ གཞན་དལ་གཞི་ སོ་ནམ་ལས་སྡེ་ནང་ འབྲུག་གི་མི་འབོར་ཕྱེད་ལྷགཔ་ཅིག་གིས་ འབྲེལ་གཏོགས་འབད་དེ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།
རྒྱལ་ཡོངས་ཀྱི་ གོང་འཕེལ་ཐབས་བྱུས་ནང་འབད་རུང་ སོ་ནམ་ལས་སྡེ་དེ་ རྒྱབ་ཁར་ལུས་སུ་ཅིག་སྦེ་ར་ཡོད་མི་ལུ་བརྟེན་ ང་བཅས་རའི་ གོང་འཕེལ་གྱི་དམིགས་གཏད་ཚུ་ ལོག་སྟེ་ར་ ཆ་འཇོག་འབད་ཞིནམ་ལས་ སོ་ནམ་ལས་སྡེ་ལུ་ གཙོ་རིམ་བཟུང་པ་ཅིན་ དོན་སྨིན་འབྱུང་ཚུགས་ནི་ཨིན་མས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ སོ་ནམ་ལས་སྡེ་ལུ་ གདོང་ལེན་ལེ་ཤ་བྱུང་སྟེ་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་ བཟའ་སྤྱོད་འབད་བཏུབ་པའི་ ས་ཞིང་ཚུ་ རྒྱ་དྲགས་སྦེ་ར་ སྟོངམ་ལུས་མི་ལུ་བརྟེན་ སོ་ནམ་གྱི་ ཐོན་སྐྱེད་ཚུ་འབད་ནི་ལུ་ བར་ཆད་རྐྱབ་སྟེ་ཡོདཔ་ཨིན་མས།
སྙན་ཞུ་དང་འཁྲིལཝ་ད་ གྲོང་གསེབ་ཀྱི་ ཁྱིམ་གུང་བརྒྱ་ཆ་༢༣ དེ་ཅིག་གིས་ ས་ཞིང་སྟོངམ་སྦེ་ བཀོག་བཞག་མི་ལུ་བརྟེན་ བཟའ་སྤྱོད་འབད་བཏུབ་པའི་ ས་ཆ་ཡོངས་བསྡོམས་ལས་ བརྒྱ་ཆ་༢༦.༣ དེ་ཅིག་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་མས།
རྒྱལ་ཁབ་ནང་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་དེ་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ མཐོ་ཤོས་ཅིག་ཨིན་པའི་སྔོན་རྩིས་ མཁས་མཆོག་ཚུ་གིས་ བཏོན་ཡོདཔ་བཞིན་དུ་ གནས་སྤོ་འགྱོ་མི་ལུ་བརྟེན་ ས་ཞིང་མང་རབས་ཅིག་ བཟའ་སྤྱོད་འབད་མ་ཚུགས་པར་ མཐའ་འཁོབ་སྦེ་ ལུས་ནུག།
རྒྱལ་ཁབ་ནང་ ཆུ་འབོལ་དྲགས་སྦེ་ཡོད་རུང་ ཆུ་གཡུར་མེད་པའི་ དཀའ་ངལ་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོདཔ་ད་ དཀའ་ངལ་གཅིག་ གྲོང་གསེབ་ཀྱི་ ཁྱིམ་གུང་ཚུ་ལུ་ ས་ཆ་ཉུང་སུ་རེ་མ་གཏོགས་ མེད་ནི་དེ་གིས་ ད་རེས་ནངས་པར་ གྲོང་གསེབ་ཀྱི་ དབུལ་ཕོངས་དཀའ་ངལ་དེ་ སྦོམ་སུ་ཅིག་སྦེ་ར་ ཐོན་ཡོདཔ་ཨིན་མས།
བཟའ་འཐུང་ནང་ རང་མགོ་རང་འདྲོངས་བཟོ་ནིའི་ དམིགས་གཏད་འགྲུབ་ཚུགས་པར་ ལཱ་ཁག་རྐྱབ་ནི་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༢ དང་༢༠༡༧ གྱི་བར་ན་ བཟའ་ཆས་མེ་ཊིག་ཊཱོན་བསྡོམས་༨༩༣,༤༣༦ དེ་ཅིག་ ནང་འདྲེན་འབད་ཡོད་མི་ལས་ བརྒྱ་ཆ་༥༠ དེ་ཅིག་ ཆུམ་ནང་འདྲེན་འབད་ནུག།
དེ་ཡང་ གཙོ་བོ་ར་ ཆུ་གཡུར་ལམ་ལུགས་ལེགས་བཅོས་འོག་ལུ་ ས་ཆ་ཨེ་ཀར་༨༠,༠༠༠ དེ་ཅིག་ གཞི་བཙུགས་འབད་ཞིནམ་ལས་ བཟའ་འཐུང་ཉེན་སྲུང་བཟོ་ནིའི་ འཆར་གཞི་དེ་ འགྲུབ་མ་ཚུགས་པའི་ གནད་དོན་ཅིག་འོང་ནི་ཨིན་མས།
རྒྱལ་ཁབ་སྐོབས་ཚུད་ཅན་དང་ སྤྱང་ཀ་འབདཝ་ད་ སོ་ནམ་གྱི་ལཱ་ལུ་ བརྩོན་ཤུགས་བསྐྱེད་ནི་དེ་ ང་བཅས་རའི་ ནུས་ཤུགས་ངོ་མ་ཅིག་ཨིན་མས།
རྒྱལ་ཁབ་ནང་ མི་འབོར་ཉུང་སུ་ཅིག་ལས་བརྒལ་ མེད་མི་ལུ་ལྟཝ་ད་ སོ་ནམ་ལས་སྡེ་ནང་ ཐབས་རིག་གསརཔ་ཚུ་ གཞི་བཙུགས་འབད་ཚུགས་པ་ཅིན་ འབྲུག་པའི་ ན་གཞོན་ཚུ་གིས་ གོ་སྐབས་ལེན་ནི་ཨིནམ་ལས་ བཟའ་འཐུང་གི་ཉེན་སྲུང་ བཟོ་མ་ཚུགས་པའི་དཔེ་མི་སྲིད།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *