སོ་ནམ་རིག་རྩལ་དང་ ལྕོགས་གྲུབ་གོང་འཕེལ་གྱི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ།

སོ་ནམ་རིག་རྩལ་དང་ ལྕོགས་གྲུབ་གོང་འཕེལ་གྱི་ སྦྱོང་བརྡར་བྱིན་ཡོདཔ།

༉ མོང་སྒར་ཝེང་མཁར་ལུ་སྦེ་ ཤར་ཕྱོགས་རྫོང་ཁག་༦ ལས་ སོ་ནམ་པ་༢༦ ལུ་ བདུན་ཕྲག་གཅིག་གི་རིང་ སོ་ནམ་དང་འབྲེལ་བའི་ ལཱ་གི་རིག་རྩལ་དང་ ལྕོགས་གྲུབ་གོང་འཕེལ་གཏང་ནིའི་དོན་ལུ་ སྦྱོང་བརྡར་བྱིན་ཡོདཔ་ལས་ ད་ལས་ཕར་ མི་སྡེ་གོང་འཕེལ་གཏང་ཚུགས་ནི་ཨིན་པས།

དེ་ཡང་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ ལྷུན་རྩེ་སྨིན་རྗེ་རྒེད་འོག་ལས་ སྐྱེས་ལོ་༢༢ ལང་མི་ དགའ་ལྡན་རྒྱ་མཚོ་གིས་ སླབ་མིའི་ནང་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་མི་དང་བསྟུན་ ཚོད་བསྲེ་འཛུགས་སྐྱོང་འབད་ཐངས་དང་ གཡུར་མ་རྐྱབ་ནི་ འབུབ་མར་ཕབ་རྐྱབ་ནི་ དེ་ལས་ ཤིང་འབྲས་བཙུགས་ནི་ལས་ འགོ་བཙུགས་ཏེ་ རྡོག་མ་བཏགས་མི་ཚུ་ བསྡུ་བསྒྱོམ་འབད་ཐངས་ཚུ་ ཧ་གོ་ཡི་ཟེར་ཨིན་པས།

ལོག་རྫོང་ཁག་ནང་ སོང་ཞིནམ་ལས་ རྒེད་འོག་དང་ སྤྱི་འོག་ཚུ་ནང་གི་ མི་སེར་སོ་ནམ་པ་ཚུ་དང་ གྲོས་བསྟུན་འབད་དེ་ ཚོད་བསྲེ་དང་ ཤིང་འབྲས་སྣ་ཚོགས་ཚུ་ འཛུགས་སྐྱོང་འབད་ཐངས་ཀྱི་ ལམ་ལུགས་ཚུ་ ལག་ལེན་དངོས་ལྟར་ཐོག་ སྦྱོང་བརྡར་བྱིན་ནིའི་ རེ་བ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ མི་སེར་སོ་ནམ་པ་ཚུ་གིས་ སོ་ནམ་གྱི་ལཱ་འབད་རུང་ འབད་ཐངས་ཀྱི་རིམ་ལུགས་ཚུ་ ཧ་གོ་མ་ཚུགས་པའི་རྐྱེན་ལུ་བརྟེན་ སྤུས་ཚད་དང་ལྡན་པའི་ཐོན་སྐྱེད་ འབད་མ་ཚུགས་པའི་དཀའ་ངལ་དེ་ ད་ལས་ཕར་ སེལ་ཚུགས་པའི་དམིགས་གཏད་ཡོད་ཟེར་ཨིན་པས།

ཁོ་བཟུམ་སྦེ་ བཅའ་མར་གཏོགས་ མི་བཀྲིས་གཡང་རྩེ་རྫོང་ཁག་ རམ་སྦྱར་རྒེད་འོག་ བ་འུང་གཡུས་ཚན་ལས་ སྐྱེས་ལོ་༢༣ ལང་མི་ ན་གཞོན་གནས་བརྟན་མཚོ་མོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༤ ལུ་ སློབ་རིམ་༡༠ པ་ མཐར་འཁྱོལ་བའི་ཤུལ་ལས་ སོ་ནམ་པ་སྦེ་ ལཱ་འབད་དེ་ ཕམ་དང་ སྤུན་ཆ་ཚུ་གི་ ལཱ་འབད་སྡོད་ཅི་ཟེར་ཨིན་པས།

ལོ་༣ ལྷགཔ་ཅིག་ ཕམ་ཚུ་དང་གཅིག་ཁར་ ཨ་རྟག་ག་ཨིནམ་སྦེ་ སོ་ནམ་གྱི་ལཱ་འབད་བའི་སྐབས་ བསྒྱུར་བཅོས་ག་ནི་ཡང་ འབད་མ་ཚུགས་རུང་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ གདམ་འཐུ་འབད་དེ་ སྦྱོང་བརྡར་ནང་བཏང་ཡོདཔ་བཞིན་དུ་ དེང་སང་ལམ་ལུགས་ཀྱི་ སོ་ནམ་ལཱ་འབད་ཐངས་ཀྱི་ ཡོན་ཏན་དང་ རིག་རྩལ་ཐོབ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ སོ་ནམ་གྱི་ལཱ་འབད་ཐངས་ལུ་ ལེ་ཤ་གི་ བསྒྱུར་བཅོས་འབད་ཚུགས་ཟེར་ཨིན་པས།

གནས་བརྟན་མཚོ་མོ་གིས་ སླབ་མིའི་ནང་ ཝེང་མཁར་ལུ་ཡོད་པའི་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བའི་ ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སྤྱི་ལོ་༢༠༡༦ ལུ་ ཚར་༢ དང་ དུས་ཅི་ཚར་༢ སྦྱོང་བརྡར་བྱིན་ཡོདཔ་ལས་ ལེགས་ཤོམ་སྦེ་ ཧ་གོཝ་མ་ཚད་ ལཱ་འབད་ཐངས་ཀྱི་རིམ་ལུགས་ཡང་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ ཁོང་ར་མ་ཚད་ རྫོང་ཁག་གི་ མི་སེར་སྤྱིར་བཏང་ལུ་ ཕན་ཐོགས་ཚུགས་པའི་ ཚོད་བསྲེ་དང་ ཤིང་འབྲས་ཚོང་འབྲེལ་འབད་ནིའི་དོན་ལུ་ གཞི་བཙུགས་འབད་ནིའི་འཆར་གཞི་དང་ ལས་རིམ་ཡོད་ཟེར་ཨིན་པས།

ཝེང་མཁར་ལུ་ཡོད་པའི་ ཚོང་དོན་སོ་ནམ་དང་ འཚོ་ཐབས་ཡར་སེང་འགོ་འདྲེན་འཐབ་མི་ འགོ་དཔོན་ཀརྨ་དབང་མོ་གིས་ སླབ་མིའི་ནང་ ཤར་ཕྱོགས་རྫོང་ཁག་༦ ལས་ སོ་ནམ་གྱི་ལཱ་འབད་ནི་ལུ་ སྤྲོ་བ་དང་ དང་འདོད་ཡོད་མི་ཚུ་ རྫོང་ཁག་གི་ སོ་ནམ་འགོ་དཔོན་དང་ རྒེད་འོག་སོ་ནམ་ལས་རོགསཔ་ཚུ་གིས་ གདམ་འཐུ་འབད་དེ་ སྦྱོང་བརྡར་ནང་ བཏང་ཡོདཔ་བཞིན་དུ་ ཐེངས་༤ པའི་སྦྱོང་བརྡར་དེ་ ད་རིས་ མཇུག་བསྡུ་ནི་ཨིན་ཟེར་ཨིན་པས།

སྦྱོང་བརྡར་མཇུག་བསྡུ་དང་འབྲེལ་ མཐར་འཁྱོལ་ལག་ཁྱེར་ཚུ་ བྱིན་ཞིནམ་ལས་ རྫོང་ཁག་སོ་ནམ་སྡེ་ཚན་ལུ་ རྩིས་སྤྲོད་འབད་ནི་དང་ སོ་ནམ་པ་༢༦ གིས་ ད་ལས་ཕར་ རྫོང་ཁག་སོ་ནམ་སྡེ་ཚན་དང་ རྒེད་འོག་གི་ སོ་ནམ་ལས་རོགསཔ་ཚུ་ལུ་ རྒྱབ་སྐྱོར་ཐོག་ལས་ གཡུས་ཚན་ག་ར་ནང་ ཚོང་དོན་སོ་ནམ་དང་ འཚོ་ཐབས་ཡར་སེང་ལས་རིམ་ ལྷོད་ཚུགས་པའི་ ཁེ་ཕན་འབྱུང་ཚུགས་ཟེར་ ཨིན་པས།

མོ་གིས་ སླབ་མིའི་ནང་ སོ་ནམ་འགོ་ཁྲིདཔ་ཚུ་ལུ་ སྦྱོང་བརྡར་ཐེངས་དང་པ་དེ་ སྤྱི་ལོ་༢༠༡༦ ཟླཝ་༡༠ པའི་ནང་ སོ་ནམ་གྱི་ལཱ་ཚུ་ འཕྲུལ་ཆས་ཀྱི་ཐོག་ལས་ འབད་ཐངས་ཀྱི་ལས་རིམ་ཚུ་ སྟོན་ཡི་ཟེར་ཨིནམ་ད་ ཐངས་༢ པ་དེ་ དུས་ཅི་ སྤྱི་ཟླ་དང་པའི་ནང་ ལོ་ཐོག་བཙུགས་ནི་དང་ འཛིན་སྐྱོང་འབད་ཐངས་ ཐེངས་༣ པ་དེ་ སྤྱི་ཟླ་༥ པའི་ནང་ འཕྲུལ་རིག་གི་ཐོག་ལས་ ལོ་ཐོག་འཛིན་སྐྱོང་འཐབ་ཐངས་ཚུ་ སྟོན་བྱིན་ཡི་ཟེར་ཨིན་པས།

ཐེངས་མཇུག་དེ་ བདུན་ཕྲག་འདི་ནང་ ལོ་ཐོག་ཚུ་ འཕྲུལ་ཆས་ཀྱི་ཐོག་ལས་ འཛིན་སྐྱོང་འབད་ཐངས་ཀྱི་ ལམ་ལུགས་ཐོག་ འབད་མི་དང་བསྟུན་ བཅའ་མར་གཏོགས་མི་ཚུ་གིས་ སྦྱོང་བརྡར་ཐེངས་༤ པ་འབད་དེ་ མཐར་འཁྱོལ་བྱུང་ཡི་ཟེར་ཨིན་པས།

སྦྱོང་བརྡར་དེ་ཡང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ འོག་དཔོན་ཚུ་གིས་ བྱིན་ཡོདཔ་ད་ འགོ་དཔོན་ཀརྨ་དབང་མོ་གིས་ སླབ་མི་དང་འཁྲིལ་བ་ཅིན་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་ སོ་ནམ་པ་ཚུ་ལུ་ སྦྱོང་བརྡར་འགོ་འདྲེན་འཐབ་པའི་ཤུལ་ལས་ ཁེ་ཕན་སྦོམ་བྱུང་མི་ལུ་བརྟེན་ འཕྲོ་མཐུད་དེ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།

སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་༢༦ གི་གྲས་ལས་ ཨམ་སྲུ་༤ ཡོདཔ་ཨིན་པས།

ད་རེས་ཀྱི་སྦྱོང་བརྡར་དེ་ གཞལམ་སྒང་རྫོང་ཁག་གི་ གྲོང་གསེབ་གོང་འཕེལ་སྦྱོང་བརྡར་ལྟེ་བའི་ འགོ་དཔོན་དང་ མོང་སྒར་གླིང་མི་ཐང་གི་ ཤིང་འབྲས་ཐོན་སྐྱེད་དང་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ བྱིན་ཡོདཔ་བཞིན་དུ་ ཚོང་དོན་སོ་ནམ་དང་ འཚོ་འབྲེལ་ཡར་དྲག་ལས་སྡེ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཌེང་གི་ནད་གཞི་ སྔོན་འགོག་འབད་ནིའི་དོན་ལུ་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ།

༉ འདས་པའི་བདུན་ཕྲག་ནང་ བཀྲིས་གཡང་རྩེ་ དོག་གསུམ་ལུ་ ཌེང་གི་ཟེར་མི་ ཚ་བ་དྲོད་འབར་གྱི་ནད་གཞི་ཐོན་པའི་ སྙན་ཞུ་འགོ་དང་པ་ འབད་ཞིནམ་ལས་ ད་རེས་འབདཝ་ད་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཁ་ཐུག་ལུ་ ཉེན་ཁ་ཅན་གྱི་ཐོག་ལས་ ཁྱབ་སྤེལ་སོང་ནུག། ཕུན་ཚོགས་གླིང་སྨན་ཁང་ནང་ གཟུགས་དྲོད་འབར་རྐྱབ་སྟེ་ ཌེང་གི་ནད་གཞི་ཐོབ་མི་ …

Leave a Reply

Your email address will not be published. Required fields are marked *