དར་དཀར་ནང་འབྲུག་རྗེས་སྒང་རྒེད་འོག་ནང་ འཐུས་མི་༡༦ ཡོད་མི་ མཐུན་པ་སྤུན་བཞི་སོ་ནམ་སྡེ་ཚན་གྱིས་ ཟུར་བཞག་ནད་བརྟག་ཁང་སྦེ་ ལག་ལེན་འཐབ་མི་ ཟ་ཁང་ཚུ་ལུ་ བགོ་བཀྲམ་འབད་ནིའི་དོན་ལས་ ཁ་ཙ་ གཞུང་ལུ་ འདབ་མ་ཀོ་པི་དང་ མེ་ཏོག་ཀོ་པི་ཊཱན་རེ་ཕུལ་ནུག།

སོ་ནམ་པའི་ སྡེ་ཚན་གྱིས་ གཞུང་ལུ་ ཚོད་བསྲེའི་རྒྱབ་སྐྱོར་ཕུལ་ཡོདཔ།

༉ དར་དཀར་ནང་འབྲུག་རྗེས་སྒང་རྒེད་འོག་ནང་ འཐུས་མི་༡༦ ཡོད་མི་ མཐུན་པ་སྤུན་བཞི་སོ་ནམ་སྡེ་ཚན་གྱིས་ འདབ་མ་ཀོ་པི་དང་ མེ་ཏོག་ཀོ་པི་ཊཱན་རེ་ གཞུང་ལུ་ ཕུལ་ཡོདཔ་ད་ ཚོད་བསྲེ་ཚུ་ཡང་ སྣུམ་འཁོར་བོ་ལེ་རོ་པིག་ཨབ་༢ ནང་ འབག་འོང་དོ་ཡོདཔ་ལས་ ད་རིས་ ཐིམ་ཕུག་ལུ་ ལྷོད་ནི་ཨིན་པས།
སོ་ནམ་པ་སྡེ་ཚན་གྱིས་ གཞུང་ལུ་ ཞལ་འདེབས་སྦེ་ཕུལ་མི་ ཚོད་བསྲེ་ཚུ་ཡང་ ད་རེས་ནངས་པར་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼COVID-19༽ ཐོབ་ཡོད་མེད་ བལྟ་ནིའི་དོན་ལུ་ ཟུར་བཞག་ནད་བརྟག་ཁང་སྦེ་ ལག་ལེན་འཐབ་མི་ ཟ་ཁང་ཚུ་ལུ་ བགོ་བཀྲམ་འབད་ནི་ཨིན་པས།
སོ་ནམ་སྡེ་ཚན་དེ་ སྤྱི་ལོ་༢༠༡༦ ལུ་ གཞི་བཙུགས་འབད་ཡོདཔ་ད་ གཞུང་གིས་ ནད་ཡམས་ཀོ་རོ་ན་བའེ་རཱསི་ བཀག་ཐབས་ལུ་ གདོང་ལེན་འབདཝ་ད་ སོ་ནམ་སྡེ་ཚན་གྱི་ ཁ་ཐུག་ལས་ཡང་ ཚ་གྱང་འདྲ་མཉམ་འབག་སྟེ་ ཟུར་བཞག་ནད་བརྟག་ལྟེ་བ་ཚུ་ལུ་ ལྷན་ཐབས་འབད་ནི་ལུ་དམིགས་ཏེ་ ཚོད་བསྲེའི་ཞལ་འདེབས་འབདཝ་ཨིན་ཟེར་ སྡེ་ཚན་གྱི་ཁྲི་འཛིན་ ཚེ་རིང་བཀྲིས་ཀྱིས་ བཤདཔ་ཨིན་པས།
ད་ལྟོ་ ཐིམ་ཕུག་དང་ སྤ་རོ་ལུ་ ཟུར་བཞག་ནད་བརྟག་ལྟེ་བ་ཚུ་ནང་ མི་༣,༠༠༠ ལྷགཔ་ཅིག་ བཞག་ཡོད་མི་ཚུ་ལས་ མང་ཤོས་ར་ ཕྱི་རྒྱལ་ལས་ ལོག་འོང་མི་ སློབ་ཕྲུག་ཚུ་ཨིནམ་བཞིན་དུ་ ཚོད་བསྲེ་ཁྲོམ་ཁ་ལས་བཙོང་མི་ ཚོད་བསྲེ་ཚུ་ རྫོགས་དོ་ཡོད་པའི་ ལོ་རྒྱུས་གོ་ཡི་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།

ད་རེས་ ཐིམ་ཕུག་ལུ་ འབག་འོང་ནིའི་དོན་ལས་ སྣུམ་འཁོར་བོ་ལེ་རོ་པིག་ཨབ་༢ ནང་ ཚོད་བསྲེའི་དོ་བཀལ་བའི་བསྒང་།

ཁོ་གིས་འབད་བ་ཅིན་ ད་རེས་བཟུམ་མའི་ དུས་ཚོད་ནང་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་ཐོན་སྐྱེད་འབད་མི་ལས་ འོང་འབབ་བཟོ་ཚུགས་ནི་ཨིན་རུང་ ཨ་རྟག་ར་ འོང་འབབ་བཟོ་ནི་ལུ་རྐྱངམ་གཅིག་ ཤུགས་བཏོན་ནི་མེན་པར་ གཞུང་དང་མཉམ་འབྲེལ་འབད་དེ་ ནད་ཡམས་བཀག་ཐབས་ལུ་ གདོང་ལེན་འབད་ནི་དེ་ གལ་ཆེཝ་ཨིནམ་ ཚོར་སྣང་བྱུང་ཡི་ཟེར་ཨིན་པས།
དགོ་མཁོ་དང་འཁྲིལ་ སོ་ནམ་སྡེ་ཚན་གྱིས་ ད་རུང་ ཚོད་བསྲེ་མངམ་བྱིན་ནི་གི་ རེ་བ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སོ་ནམ་པ་དང་ སྡེ་ཚན་གྱི་ དྲུང་ཆེན་ཡང་ཨིན་མི་ འཕྲིན་ལས་དབང་ཕྱུག་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ གཞུང་ལས་ རྒྱབ་སྐྱོར་གནང་བཞིན་དུ་ཡོད་མིའི་ དགའ་ཚོར་ལུ་ ང་བཅས་སོ་ནམ་པ་ཚུ་གི་ ཁ་ཐུག་ལས་ ལྷན་ཐབས་རྒྱ་ཆེཝ་སྦེ་ འབད་མ་ཚུགས་རུང་ ཞལ་འདེབས་དུམ་གྲ་ཅིག་ ཕུལཝ་ཨིན་ཟེར་ཨིན་པས།
འབྲུག་རྗེས་སྒང་གི་ སོ་ནམ་ཞིང་པ་ཚུ་གིས་ གནམ་དགུན་ལུ་ མེ་ཏོག་ཧོན་ཚོད་དང་ འདབ་མ་ཀོ་པི་ མེ་ཏོག་ཀོ་པི་ ལ་ཕུག་ཚུ་ འཛུགས་སྐྱོང་འབདཝ་མ་ཚད་ གནམ་བྱཱར་སྐབས་ ཨེ་མ་དང་ སྲནམ་ཅུམ་ཚུ་ལུ་ ཤུགས་བཏོན་དོ་ཡོད་པའི་གནས་ཚུལ།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *