ཆུ་མེད་པའི་ རྩེ་ཟ་རྒེད་འོག་གི་ ཆུ་གཡུར།

སོ་ནམ་པ་ཚུ་ ཆུ་མེད་པའི་ཆུ་གཡུར་ལུ་ སེམས་དང་མ་ལྡན་པར་ཡོདཔ།

༉ དར་དཀར་ནང་རྫོང་ཁག་ རྩེ་ཟ་རྒེད་འོག་གི་མི་སེར་ཚུ་ སྤྱི་ལོ་༢༠༡༦ ལུ་ རྒེད་འོག་ནང་ ཆུ་གཡུར་ཅིག་འོང་དོ་ཟེར་བའི་ ལོ་རྒྱུས་གོ་བའི་ཤུལ་ལས་ སེམས་ཁར་དགའ་བ་བྱུང་ཡོད་རུང་ ཀི་ལོ་མི་ཊར་༤ དེ་ཅིག་འབད་མི་ ཆུ་གཡུར་དེ་ ན་ཧིང་ རྫོང་ཁག་ལུ་ རྩིས་སྤྲོད་ཚར་བའི་ཤུལ་ལས་ ཆུ་གཡུར་དེ་ མ་ཕྲང་པར་ཡོད་ནི་དེ་གིས་ དུས་ཅི་གནམ་བྱཱར་ལུ་ ཞིང་ཁར་ ཆུ་མ་ལྷོདཔ་ཨིན་པས།
རྩེ་ཟ་རྒེད་འོག་དམངས་མི་ རི་སྐྱེས་ཀྱིས་ སླབ་མིའི་ནང་ ཆུ་གཡུར་དེ་ སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་པའི་སྐབས་ ངེས་པར་དུ་ དགོས་མཁོ་ཅན་ཅིག་ཨིནམ་ད་ དེ་གིས་ ཁྱིམ་གུང་པ་༤༥ དེ་ཅིག་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་གི་ སོ་ནམ་པ་མང་ཤོས་ར་ ལྕང་ལཱ་ལུ་བརྟེན་སྡོད་དོ་ཡོདཔ་བཞིན་དུ་ ཁྱིམ་གུང་པ་ཚུ་གི་གྲས་ལས་ བརྒྱ་ཆ་༩༠ དེ་ཅིག་གིས་ སོ་ནམ་ཞིང་ལཱ་འབད་དོ་ཡོདཔ་ལས་ གྲོང་མི་ཚུ་གིས་ གཏན་འཇགས་ཀྱི་ཆུ་ལུ་ རེ་བ་བསྐྱེད་སྡོདཔ་ཨིན་ཟེར་ཨིན་པས།
ཨིན་རུང་ གཡུས་ཁའི་མི་སེར་ཚུ་ སྤྱི་ལོ་༢༠༡༦ ལུ་ བཟོ་སྐྲུན་འབད་མི་ཆུ་གཡུར་དེ་ གྲུབ་འབྲས་ཅན་ཅིག་སྦེ་ མ་འགྱོ་ནི་དེ་གིས་ སེམས་མ་དགའ་བར་ཡོདཔ་ཨིན་པས།
ཚང་ལས་ཁ་ལས་ སོ་ནམ་པ་རྟ་མགྲིན་གྱིས་ སླབ་མིའི་ནང་ ཆུ་གཡུར་བཟོ་སྐྲུན་འབད་བའི་སྐབས་ ནོར་འཁྲུལ་བྱུང་མི་ལུ་བརྟེན་ ས་ཞིང་ཚུ་སྐམ་ཡོདཔ་ད་ མ་གཞི་ ས་ཞིང་ཚུ་ནང་ ལོ་ཐོག་ག་ཅི་བཏབ་རུང་ ལེགས་ཤོམ་སྦེ་ སྐྱེ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཞིང་ཚུ་སྐམ་ཡོདཔ་ལས་ ལོ་ཐོག་གི་ཐོན་སྐྱེད་ལུ་ཡང་ ཐོ་ཕོག་ཉེན་ཡོདཔ་ལས་ ཆུ་གཡུར་ཡོད་པ་ཅིན་ སོ་ནམ་པ་ཚུ་ལུ་རྐྱངམ་གཅིག་མེན་པར་ མི་སྡེ་ནང་ མེ་རྐྱེན་འབྱུང་རུང་ ཕན་ཐོགས་འོང་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཆུ་གཡུར་དེ་གིས་ རྒེད་འོག་གི་ གཡུས་ཚན་༤ ལུ་ ཕན་ཐོགས་ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༧ མཇུག་བསྡུ་ཁམས་ལས་ བཟོ་སྐྲུན་འགོ་བཙུགས་མི་ ཆུ་གཡུར་དེ་ ན་ཧིང་ སྤྱི་ཟླ་༨ པའི་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ འཇམ་དབྱངས་རྡོ་རྗེ་གིས་ སླབ་མིའི་ནང་ ཁག་འབགཔ་དེ་ལུ་ བཅོ་ཁ་རྐྱབ་ནིའི་དོན་ལུ་ དུས་ཡུན་ཟླཝ་༨ དེ་ཅིག་བྱིན་པའི་ཤུལ་ལས་ ལཱ་གི་སྤུས་ཚད་དེ་ ལེགས་ཤོམ་སོང་ཡོད་རུང་ མ་ཕྲང་པའི་དཀའ་ངལ་འདུག་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཞིབ་དཔྱད་འབད་བའི་སྐབས་ ཆུ་གཡུར་གྱི་རྐ་ལས་ མི་ཊར་༥༠༠ དེ་ཅིག་གི་ས་ཁར་ ཆུ་གཡུར་མི་ཊར་༢༠༠ དེ་ཅིག་ མ་ཕྲང་པའི་དཀའ་ངལ་ཡོད་པའི་ མངོན་གསལའབྱུང་ཡོདཔ་ལས་ ཁོ་གིས་ བཟོ་སྐྲུན་གྱི་དོན་ལུ་ ལོ་༡ དེ་ཅིག་འགོར་ཡོདཔ་ད་ ཁག་འབགཔ་དེ་ ད་ལས་ཕར་ རྫོང་ཁག་ནང་ བཟོ་སྐྲུན་གྱི་ལཱ་གཞན་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ བཟོ་ཡི་ཟེར་ཨིན་པས།
བཟོ་སྐྲུན་ས་ཁོངས་དེ་ནང་ རྫོང་བདག་དང་ འགོ་དཔོན་ཚུ་གིས་ ཚར་༢ ལྟ་སྐོར་འབད་ཡོདཔ་ད་ ཆུ་གཡུར་དེ་ ཀ་རི་ལུངམ་ཆུ་རྐ་མ་བརྩི་བར་ ཆུ་ཕྲན་གཞན་ཚུ་ཡང་ ནང་ན་འོང་བཏུབ་སྦེ་ བཟོ་བཀོད་འབད་ཡོད་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
རྩེ་ཟ་རྒཔོ་ཕུར་པ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ ལཱ་ལྷག་ལུས་ཚུ་ འཕྲོ་མཐུད་མ་འབད་མི་དེ་ཡང་ མ་དངུལ་ལངམ་སྦེ་ མེད་མི་ལུ་བརྟེན་ཨིན་ཟེར་ ཨིན་པས།
བཀྲིས་སྒང་གཡུས་ཚན་ལས་ སོ་ནམ་པ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ དུས་ཅིའི་ལོ་ནང་ གནས་སྟངས་དེ་ སྐྱོ་དྲགས་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིནམ་ད་ འབྱ་ཞིང་ཚུ་ མང་ཤོས་ར་ ཆར་ཆུ་ལུ་བརྟེན་སྡོདཔ་ཨིན་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉིམ་ཤར་བའི་སྐབས་ ཆུ་ཞིང་ཚུ་སྐམ་དོ་ཡོདཔ་ལས་ ཨ་རྟག་ར་ ཆུ་དཔག་དགོཔ་བཞིན་དུ་ ད་ལྟོ་ མི་མང་ཤོས་ཅིག་གིས་ ཆུ་རྐ་གཞན་དང་ ཆརཔ་གི་དུས་ཚོད་ཚུ་ནང་ ཆུ་གཡུར་རྙིངམ་ལུ་བརྟེན་ ལཱ་འབདཝ་མས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཟམ་ཏོག་དང་ ཚང་ལས་ཁ་གཡུས་ཚན་ཚུ་ནང་ སོ་ནམ་པ་ཚུ་ལུ་ ཆུ་གཡུར་མེད་ཟེར་ཨིན་པས།
འཇམ་དབྱངས་རྡོ་རྗེ་གིས་ སླབ་མིའི་ནང་ ཁག་འབགཔ་དེ་ ཆ་མེད་གཏང་པའི་ཤུལ་ལས་ རྫོང་ཁག་འགོ་དཔོན་ཚུ་ ས་ཁོངས་ནང་སོང་སྟེ་ དཀའ་ངལ་ངོས་འཛིན་འབད་ཡོདཔ་ལས་ དཀའ་ངལ་དེ་ ཧ་གོ་ནི་དེ་གིས་ གནམ་གཤིས་ལེགས་ཤོམ་ཡོད་པ་ཅིན་ ཟླ་མཇུག་ཁམས་ལས་ ཆུ་གཡུར་དེ་ བཅོ་ཁ་རྐྱབ་ཚུགས་ཟེར་ཨིན་པས།
ཆུ་གཡུར་དེ་ མ་དངུལ་ས་ཡ་༡༠.༡ དེ་ཅིག་ ཟད་འགྲོ་བཏང་ཐོག་ལས་ བཟོ་སྐྲུན་འབད་ཡོད་པའི་གནས་ཚུལ།

 

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *