འཚོ་བ་གེ་ཟ་ལུ་བརྟེན་སྡོད་མི་ དཔལམོ་བཟངམོ།

སོ་ནམ་ཐོན་སྐྱེད་བཙོང་མི་ཚུ་ལུ་ ཁེ་ཕན་ཡོད་རུང་ གདོང་ལེན་བྱུང་དོ་ཡོདཔ།

༉ ཐིམ་ཕུག་ སྨད་ཝང་རྒེད་འོག་ ཁ་ས་ཁ་ལས་ སྐྱེས་ལོ་༥༣ ལང་མི་ དཔལམོ་བཟངམོ་གིས་ མོ་རའི་བུམོ་ སྒེར་གྱི་སློབ་གྲྭ་ཅིག་ནང་ བཏང་ཚུགས་མི་དེ་ གེ་ཟ་ལུ་བརྟེན་ཨིན་ཟེར་ དཔའ་ཉམས་དང་བཅསཔ་སྦེ་ བཤདཔ་ཨིན་པས།
དེ་ཡང་ མོ་གིས་ གེ་ཟ་ཚུ་ མེ་བཏང་ཐོག་ལས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ ལམ་འགྲུལཔ་ཚུ་ལུ་ བཙོངམ་ཨིན་པས།
ཨ་ལོ་༥ གི་ཨའི་ དཔལམོ་བཟངམོ་དེ་ དྲོ་པའི་ཆུ་ཚོད་༧.༣༠ དེ་ཅིག་ཁར་ ཁྱིམ་ནང་ལས་ཐོན་ཏེ་ ཁ་ས་གྲབ་ཆུ་འབྲིང་རིམ་སློབ་གྲྭ་བར་མའི་ལྟག་ལུ་ གཞུང་ལམ་གྱི་ ཟུར་ཁར་སྡོད་དེ་ མེ་འཕུ་བའི་བསྒང་ལས་ ཆུ་ཚོད་༨ ལངམ་ཨིན་པས།
དཔལམོ་བཟངམོ་གིས་ དགའ་འཛུམ་དང་བཅསཔ་སྦེ་ སླབ་མིའི་ནང་ མོ་གིས་ ལོ་དག་པ་ཅིག་གི་ཧེ་མ་ གེ་ཟ་བཙོང་ནི་ འགོ་བཙུགས་ཞིནམ་ལས་ཚུར་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ཡོདཔ་ལས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་གི་ ཟད་འགྲོ་ལུ་ ལྷན་ཐབས་སྦོམ་ བྱུངམ་མས་ཟེར་ཨིནམ་ན་ མོ་གིས་ ཤིང་འབྲས་དང་ ཚོད་བསྲེའི་རིགས་ཚུ་ཡང་བཙོངམ་མས་ཟེར་ཨིན་པས།
མོ་གིས་ གེ་ཟ་རྐྱངམ་གཅིག་ལས་ར་ ཉིནམ་༡ ནང་ དངུལ་ཀྲམ་༢,༠༠༠ དང་༢,༥༠༠ གི་བར་ན་ འོང་འབབ་བཟོ་ཚུགས་དོ་ཡོདཔ་ད་ གེ་ཟ་མ་བཙོང་པར་ ཤིང་འབྲས་དང་ ཚོད་བསྲེ་བཙོང་པ་ཅིན་ དངུལ་ཀྲམ་༡,༠༠༠ ཡང་ ཐོབ་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ བཤདཔ་ཨིན་པས།
མོ་གི་བུམོ་དེ་ སྡེཔ་སྲིད་ལུ་ སྐད་ཡིག་དང་ ལམ་སྲོལ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ད་ བུམོ་གི་དོན་ལུ་ ལོ་རེ་ནང་ སློབ་གྲྭའི་འཐུས་ དངུལ་ཀྲམ་༤༠,༠༠༠ དེ་རེ་ སྤྲོད་དགོ་མི་འདི་ གེ་ཟ་བཙོང་མི་ལས་ ཐོན་ཚུགས་དོ་ཡོདཔ་ལས་ དཀའ་ངལ་མེད་ཟེར་ དཔལམོ་བཟངམོ་གིས་ བཤདཔ་ཨིན་པས།
མ་གཞི་ མོ་གིས་ ཉིན་བསྟར་བཞིན་དུ་ ཚོང་འབྲེལ་འཐབ་པ་ཅིན་ ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༦༠,༠༠༠ ལྷགཔ་ཅིག་ བཟོ་ཚུགས་པའི་ འོས་འབབ་ཡོད་རུང་ མོ་གི་ སོ་ནམ་པ་མཉམ་རོགས་ཚུ་ལུ་ཡང་ འོང་འབབ་བཟོ་ནི་གི་ གོ་སྐབས་འདྲ་མཉམ་ བཟོ་ཐབས་ལུ་ ཁོང་ར་ནང་འཁོད་ལུ་ བློ་བོ་སླབ་སྟེ་ སྡེ་ཚན་བཟོ་ཞིནམ་ལས་ ས་གོ་དེ་ནང་ སྐོར་རྒྱབ་ཐོག་ལས་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ བཙོང་དོ་ཟེར་ཨིནམ་ད་ དཔེར་ན་ ད་རེས་བཟུམ་ དཔལམོ་བཟངམོ་གིས་ བཙོང་པ་ཅིན་ དེ་གི་ནངས་པར་ མཉམ་རོགས་གཞན་ཅིག་ འོངམ་ཨིན་པས།
འདི་བཟུམ་སྦེ་ སློབ་རིམ་༡༠ པ་ མཇུག་བསྡུ་བའི་ཤུལ་ལུ་ གཡུས་ཁར་སོ་ནམ་གྱི་ ལཱ་འབད་སྡོད་མི་ པ་སངས་སྒྲོལམོ་གིས་ཡང་ ས་གོ་སོ་སོར་ནང་སྡོད་དེ་ གེ་ཟ་བཙོང་དོ་ཡོདཔ་ད་ ཁ་ས་ཁའི་ མི་སེར་ཚུ་གི་དོན་ལུ་ གེ་ཟ་དེ་ འོང་འབབ་ཅན་གྱི་ ལོ་ཐོག་ཅིག་ཨིན་ཟེར་ སྐྱེས་ལོ་༢༨ ལང་མི་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ གཞུང་ལམ་བདའ་སྟེ་ གེ་ཟ་དང་ ཤིང་འབྲས་ ཚོད་བསྲེ་བཙོང་མི་ཚུ་ལུ་ ཚ་གྱང་ཅིག་ ཡོད་མི་དེ་ཡང་ རྒེད་འོག་བདག་སྐྱོང་གིས་ བཀག་འཛིན་འབད་མི་ལུ་བརྟེན་ཨིན་པས།
པ་སངས་སྒྲོལམོ་གིས་ སླབ་མིའི་ནང་ རྒེད་འོག་གིས་ རྫོང་ཁག་ལས་ བཙོང་མ་ཆོག་པའི་ བཀའ་རྒྱ་ཡོད་ཟེར་སླབ་སྟེ་ འཕྲལ་འཕྲལ་འབད་ར་ ཞིབ་དཔྱད་འབད་བར་ འོང་ནི་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ཁར་ རྒཔོ་གིས་ མེ་འཕུ་མི་དེ་ཡང་ བསད་བཅུག་ཅི་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྒེད་འོག་ནང་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ རྒཔོ་གིས་ སློབ་རིམ་༡༠ པ་དང་༡༢ པ་ མཐར་འཁྱོལ་མི་ཚུ་གིས་ སོ་ནམ་གྱི་ ལཱ་འབད་བ་ཅིན་ དངུལ་ཀྲམ་འབུམ་༥ རྒྱབ་སྐྱོར་འབད་འོང་ཟེར་ སླབ་ཡོད་རུང་ ད་རེས་ ཁོང་ལུ་ གེ་ཟ་བཙོང་མ་བཅུག་མི་༢ རྟགས་མི་མཐུན་པས་ཟེར་ མོ་གིས་ བཤདཔ་ཨིན་པས།
སོ་ནམ་ཐོན་སྐྱེད་བཙོང་མི་ཚུ་གིས་འབད་བ་ཅིན་ ལམ་བདའ་སྟེ་ སོ་ནམ་ཐོན་སྐྱེད་མ་བཙོང་པ་ཅིན་ གེ་ཟ་ཚུ་ འཚོ་ཐལཝ་ད་ ག་གིས་ཡང་ ཉོ་མི་བཏུབ་པའི་ཁར་ ཚོད་བསྲེའི་རིགས་ཚུ་ཡང་ རུལཝ་མས་ཟེར་ཨིན་པས།
ཐིམ་ཕུག་གི་རྫོང་བདག་ ཚེ་དབང་རིག་འཛིན་གྱིས་ རྫོང་ཁག་བདག་སྐྱོང་གི་ ཁ་ཐུག་ལས་ བཀའ་རྒྱ་བྱིན་མི་དེ་ ཐོན་སྐྱེད་ཚུ་ བཙོང་མ་ཆོགཔ་སྦེ་མེན་པར་ གཞུང་ལམ་བདའ་སྟེ་ ཏིར་པཱལ་སྤུབས་ཏེ་བཙོངམ་ད་ ཕྱི་ཁའི་མགྱོནམ་ཚུ་ ཡར་མར་བྱོནམ་ད་ མཛེས་ཆ་དང་ལྡནམ་སྦེ་ མ་མཐོང་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ མི་ཚུ་གིས་ མེ་འཕུ་བའི་སྐབས་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དཀའ་ངལ་མེདཔ་དང་ ས་གོ་ཚུ་ཡང་ གཙང་སྦྲ་དང་ལྡནམ་སྦེ་ བཞག་པ་ཅིན་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་མི་ལུ་ རྒྱབ་སྐྱོར་ཡོདཔ་ལས་ གཞུང་ལམ་བདའ་སྟེ་ ཚོང་འབྲེལ་འཐབ་སའི་ ཁྱིམ་ཚུ་ཡང་ རྐྱབ་བྱིན་ནིའི་ རེ་བ་ཡོད་ཟེར་ཨིན་པས།
ཁ་ས་ཁ་སྤྱི་འོག་གི་ཚོགས་པ་ ཤེལ་དཀར་ཆོས་སྒྲོན་གྱིས་ སླབ་མིའི་ནང་ གཞུང་ལམ་དེ་ལས་ ཕྱི་ཁའི་མགྱོནམ་ ཆེ་ཆུང་མེད་པར་ བྱོན་དོ་ཡོདཔ་ལས་ ཏིར་པཱལ་ལ་སོགས་པ་ སྤུབས་མ་ཆོགཔ་སྦེ་ སླབ་ཡོདཔ་མ་གཏོགས་ ཚོང་འབྲེལ་འཐབ་མ་ཆོགཔ་སྦེ་ མ་སླབ་ཟེར་ཨིན་པས།
གེ་ཟ་མེ་བཏང་སྟེ་བཙོང་རུང་ ལམ་གྱི་སྦོ་ལོགས་ཁར་མེན་པར་ ལམ་གྱི་ལྟག་ལུ་ མེ་འཕུ་དགོཔ་སྦེ་ སླབ་མི་དེ་ཡང་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ ལམ་བདའ་སྟེ་ སྣུམ་འཁོར་བཀག་བཞགཔ་ད་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོད་ནི་དེ་གིས་ཨིན་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
ཤེལ་དཀར་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཕྱིའི་བློན་པོ་ལ་སོགས་པ་ཚུ་ བྱོན་པའི་སྐབས་ བཀའ་རྒྱ་དང་འཁྲིལ་ ལམ་བདའ་སྟེ་ བཙོང་ནི་ལས་ བཀག་འཛིན་འབད་དོ་ཟེར་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས། རང་ཟླ་༡༠ …

Leave a Reply

Your email address will not be published. Required fields are marked *