སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར།

སོ་ནམ་གྱི་ཚོང་ལམ་དང་ བཟའ་འཐུང་གི་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་ནི།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱེས་ལོ་༥༤ ལང་མི་ ཡེ་ཤེས་དཔལ་འབྱོར་ལུ་ གཞུང་འབྲེལ་ཐོག་ལས་ སོ་ནམ་དང་ནགས་ཚལ་བློན་པོའི་བདག་རྐྱེན་ གནང་ཡོདཔ་ཨིན་པས།
ཁོ་གིས་ ལོ་ངོ་༣༡ གི་རིང་ གཞུང་གཡོགཔ་སྦེ་ ཕྱག་ཞུཝ་ཡོདཔ་ད་ ཁོ་ལུ་ རང་བཞིན་གནས་སྟངས་ཉམས་སྲུང་དང་ གནམ་གཤིས་འགྱུར་བགྲོད་ཀྱི་ ཤེས་ཡོན་ཡོདཔ་ད་ བློན་པོའི་གོ་གནས་མ་འཆང་བའི་ཧེ་མར་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ཡུ་ཨེན་ཌི་པི་ནང་ ལས་འགུལ་མདོ་ཆེན་དང་ རྒྱལ་ཡོངས་ཀྱི་ ལས་འགུལ་འཛིན་སྐྱོང་པ་འབད་བའི་ ཉམས་མྱོང་ཚུ་ཡོདཔ་ཨིན་པས།
བློན་པོ་ཡེ་ཤེས་དཔལ་འབྱོར་དེ་ ཀྲོང་གསར་ ནུབ་སྦིས-སྟང་སི་སྦྱིས་འདེམས་ཁོངས་ནང་ལས་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བློན་པོའི་གོ་གནས་ཐོབ་པའི་ རེ་བ་མ་བསྐྱེད་རུང་ འདེམས་ཁྲི་༣༠ དེ་ཅིག་ བཙག་འཐུ་གྲུབ་པའི་ཤུལ་ལས་རྐྱངམ་གཅིག་ བློན་པོའི་གོ་གནས་ལུ་ རེ་བ་བསྐྱེད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྷན་ཁག་མང་ཤོས་ཅིག་ནང་ ལཱ་འབད་བའི་ཉམས་མྱོང་ཡོདཔ་ལས་ ཁོ་གིས་ ཕྱི་འབྲེལ་ལྷན་ཁག་རྐྱངམ་གཅིག་མ་གཏོགས་ ལྷན་ཁག་གཞན་ཚུ་ནང་ འགན་ཁུར་གནང་པ་ཅིན་ འགན་ཁུར་འབག་ཆོག་ཆོ་ཡོད་ཟེར་ཨིནམ་ད་ ཁོ་ལུ་ ལོ་ངོ་བཅུ་ཕྲག་༣ དེ་ཅིག་ ལྷན་ཁག་དང་ལས་ཁུངས་ཁག་ཚུ་ནང་ ལཱ་འབད་བའི་ཉམས་མྱོང་ཡོདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ ལཱ་འབད་ནིའི་གོ་སྐབས་ཐོབ་ནི་དེ་གིས་ སྐལ་བ་བཟང་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ ཁོ་ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ སྤྲོ་བ་ཡོད་མེད་སྐོར་ལས་ བློན་ཆེན་གྱིས་ ཁོ་ལུ་དྲི་དེས་ཟེར་ཨིནམ་ད་ སོ་ནམ་བློན་པོ་སྦེ་ ཕྱག་ཞུའི་གོ་སྐབས་ཐོབ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ བློན་པོ་སྦེ་ཕྱག་ཞུཝ་ད་ གཙོ་རིམ་དང་པ་དེ་ སྤྱི་ལོ་༢༠༢༡ ལུ་ འཐུང་ཆུ་དང་ ཞིང་ཆུ་༢ ཆ་ར་ བརྒྱ་ཆ་ལས་༡༠༠ བཀྲམ་སྤེལ་འབད་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ སོ་ནམ་དང་འབྲེལ་བའི་ ཁས་བླངས་འགྲུབ་ནི་ཚུ་ཡང་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
དེ་ལས་ སོ་ནམ་ཞིང་ལམ་གསརཔ་བཏོན་ནི་དང་ ཞིང་ལམ་ཚུ་ལས་ འགྲོ་འགྲུལ་འབད་ཚུགསཔ་བཟོ་ནི་དང་ ལམ་ཡང་ སྟབས་བདེ་ཏོག་ཏོ་བཟོ་འོང་ཟེར་ཨིནམ་ད་ རང་མགོ་རང་འདྲོངས་བཟོ་ནི་ཚུ་ལུ་ཡང་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཡོདཔ་དང་མེད་པའི་ཁྱད་པར་ཆགས་མི་དེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ བསལ་ཚུགས་ནི་མས་ཟེར་ཨིནམ་ད་ སོ་ནམ་དང་ནགས་ཚལ་ལྷག་ཁག་ནང་ ཞི་གཡོགཔ་མཁས་ཆོག་ལེ་ཤ་ཡོདཔ་ལས་ མཉམ་རུབ་ཐོག་ལས་ ལཱ་འབད་འོང་ཟེར་ཨིན་པས།
མི་སྡེ་ནང་ སྐྱོན་བརྗོད་འབད་མི་ཡོད་པ་ཅིན་ རང་ལུ་ཡོད་པའི་སྐྱོན་ཚུ་ བསྒྱུར་བཅོས་འབད་ནིའི་ གོ་སྐབས་ཡོདཔ་ལས་ སྐྱོན་བརྗོད་འབད་མི་ཡང་ ཁག་ཆེ་བས་ཟེར་ཨིནམ་ད་ ཁོ་ལུ་སྐྱོན་བརྗོད་འབད་མི་འཐོན་པ་ཅིན་ མ་དགའཝ་རྩ་ལས་མེད་ཟེར་ ཨིན་པས།
འབྲུག་རྒྱལ་ཁབ་འདི་ གངས་རི་གིས་བསྐོར་བའི་རྒྱལ་ཁབ་ཅིག་ཨིན་པའི་ཁར་ མི་སེར་བརྒྱ་ཆ་༦༠ དེ་ཅིག་ སོ་ནམ་དང་སྒོ་ནོར་ལུ་བརྟེན་ཏེ་ མི་ཚེ་སྐྱོང་དོ་ཡོདཔ་ད་ སོ་ནམ་དང་འབྲེལ་བའི་ཐོན་བསྐྱེད་མངམ་བཏོན་ནི་ལུ་ གདོང་ལེན་ཆེ་ཤོས་ར་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཏེ་ འཐོན་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སོ་ནམ་གྱི་ཐོན་སྐྱེད་དང་ སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ སོ་ནམ་དང་ རང་བཞིན་ནུས་ཤུགས་དང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་བ་ཅིན་ སོ་ནམ་གྱི་ཐོན་སྐྱེད་ཡར་དྲག་གཏང་ནི་ལུ་ གོ་སྐབས་ལེ་ཤ་ཡོད་ཟེར་ཨིནམ་ད་ སོ་ནམ་ལྷན་ཁག་གིས་ བསྟན་རྒྱས་ལྷག་ཁག་འོག་གི་ ནུས་ཤུགས་ལས་ཁུངས་དང་གཅིག་ཁར་ ལཱ་འབད་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ རྒྱལ་ཁབ་ནང་འཁོད་ལས་ཐོན་པའི་ སོ་ནམ་གྱི་ཐོན་སྐྱེད་ཚུ་ མ་སྤྱོད་པར་ ནང་འདྲེན་འཐབ་མི་ བཟའ་འཐུང་གི་རིགས་ཚུ་ སྤྱོད་ནིའི་བསམ་པ་བསྒྱུར་བཅོས་འབད་ནི་དེ་ གདོང་ལེན་འདུག་ཟེར་ཨིནམ་ད་ མི་སེར་ཚུ་གིས་ ནང་འདྲེན་འབད་མི་ བཟའ་འཐུང་ཚུ་ལུ་ རྫས་སྦྱོར་ཡོདཔ་ཨིནམ་ མནོ་བསམ་ར་ མི་བཏང་པས་ཟེར་ཨིན་པས།
མི་སེར་གྱིས་ ནང་འདྲེན་འབད་ནིའི་ བསམ་པ་བསྒྱུར་བཅོས་འབད་ནིའི་དེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་ལུ་ འགན་ཁུར་ཨིནམ་ལས་ ནང་འདྲེན་འཐབ་མི་དེ་ ཉུང་སུ་བཟོ་ཐབས་ལུ་ ལཱ་འབད་ནིའི་འཆར་གཞི་ཡོད་ཟེར་ཨིནམ་ད་ སོ་ནམ་གྱི་ཚོང་ལམ་དང་ བཟའ་འཐུང་གི་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
མི་སེར་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་ཚུགས་མི་དེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་ཨིནམ་ལས་ ལྷན་ཁག་གི་ ཉམས་མྱོང་ཅན་དང་ ཞི་གཡོགཔ་མཁས་མཆོག་ཚུ་དང་གཅིག་ཁར་ ལཱ་འབད་ནི་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *