སེར་རླུང་གིས་ བསམ་འཕེལ་གླིང་ལུ་ ཁྱིམ་དང་སྣུམ་འཁོར་ཚུ་ལུ་གནོད་སྐྱོན།

༉ སྤྱི་ཟླ་༥ པའི་ཚེས་༡༢ ཀྱི་ཕྱི་རུ་ ཆུ་ཁ་བསམ་འཕེལ་གླིང་རྒེད་འོག་ནང་ དུས་ཡུན་སྐར་མ་༡༠ དེ་ཅིག་ སེརཝ་དང་གཅིག་ཁར་ རླུང་འཚུབས་འཕུ་མི་ལུ་བརྟེན་ སྡོད་ཁྱིམ་དང་ སྣུམ་འཁོར་ཚུ་ མེདཔ་བཏང་ཡོདཔ་ཨིན་པས།
མ་གཞི་ རྒེད་འོག་འགོ་དཔོན་ཚུ་གིས་ གནོད་སྐྱོན་རྐྱབ་མི་ཚུ་ ད་ལྟོ་ བརྟག་ཞིབ་འབད་བའི་བསྒང་ཡོད་རུང་ སེར་རླུང་གིས་ སྣུམ་འཁོར་དང་ ཁྱིམ་༣༠ ལྷགཔ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
ཁ་ཙ་ ཨ་ལེ་གཡུས་ཚན་ནང་ དེད་གཡོགཔ་ལཱལ་བྷ་དུར་ཏ་མང་གིས་ ཁོ་རའི་ཁྱིམ་ཐོག་མེདཔ་བཏང་མི་ཚུ་ ལོག་བཀབ་ནིའི་དོན་ལས་ སི་ཇི་ཨའི་ལྕགས་ཤོག་ལེབ་གྲངས་༤༨ སྣུམ་འཁོར་ནང་ལས་ བཏོན་ཚར་བའི་ཤུལ་ལུ་ བཤད་མིའི་ནང་ ལྗིད་ཚད་ཀེ་ཇི་ཕྱེད་དེ་རེ་འབད་མི་ སེརཝ་རྐྱབ་ཡོདཔ་ལས་ ཁྱིམ་ཐོག་མེདཔ་བཏང་ད་ཡི་ཟེར་ཨིན་པས།
ལཱལ་བྷ་དུར་ཏ་མང་གིས་ ཁྱིམ་ཐོག་ལོག་བཀབ་ནིའི་དོན་ལུ་ ལྕགས་ཤོག་ཚུ་ཉོཝ་ད་ ཟད་འགྲོ་དངུལ་ཀྲམ་༢༠,༠༠༠ ལྷགཔ་ཅིག་ གནས་ཡོདཔ་ཨིན་རུང་ ད་རུང་ ལྕགས་ཤོག་༥༠ ལས་༦༠ གི་བར་ན་ དགོ་ནི་མས་ཟེར་ཨིན་པས།
བསམ་འཕེལ་གླིང་གི་ མི་སེར་ལེ་ཤ་ཅིག་གིས་ སླབ་མིའི་ནང་ ཁོང་གི་མི་ཚེ་ནང་ འདི་བཟུམ་མའི་ སེརཝ་སྦོམ་མཐོང་མ་མྱོང་ཟེར་ཨིན་པས།
བྷ་ལུ་ཇེ་ར་ལས་ སྐྱེས་ལོ་༥༡ ལང་མི་ ཨའི་ཏ་རའི་ནི་གིས་ སླབ་མིའི་ནང་ མོ་གི་ ཁྱིམ་ཐོག་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ལས་ ད་ལྟོ་ ཆུ་ཐུབ་རས་ཆ་གིས་ བཀབ་བཞག་སྟེ་ཡོད་ཟེར་ཨིན་པས།
བསམ་འཕེལ་གླིང་རྒཔོ་ མ་ནི་ཀུ་མར་རའི་གིས་ སླབ་མིའི་ནང་ སེར་རླུང་གིས་ གནོད་སྐྱོན་རྐྱབ་མི་ གཡུས་ཚན་གསུམ་ནང་ བརྟག་ཞིབ་མ་འབད་བར་ཡོད་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཨ་ལེ་གཡུས་ཚན་ནང་ ཁྱིམ་གུང་༢༩ དང་ སེངྒེ་ལུ་ ཁྱིམ་གུང་༩ ལུ་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

བཀྲིས་སྒང་གི་ མི་སེར་ཚུ་གིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ནང་ སྒོ་ནོར་སེམས་ཅན་གཞན་དང་ཕྱདཔ་ད་ མི་སེར་མང་ཤོས་ཀྱིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ནོར་གསོ་ནི་དེ་ ཡོངས་གྲགས་ཐོན་ཏེ་འདུག། དེ་ཡང་ ནོར་གསོ་སྐྱོང་གི་ལཱ་འབདཝ་ད་ སྡིག་པའི་ལཱ་དེ་ཅིག་ར་ མེད་ནི་དེ་གིས་ཨིནམ་ད་ ནོར་གྱི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ …

Leave a Reply

Your email address will not be published. Required fields are marked *