སི་ཨེསི་ཨའི་བྱ་རིམ་ཚུ་ལུ་བརྟེན་ སྐྱིན་འགྲུལ་ལེན་མི་ཚུ་ དབུགས་འགམ་ཡོདཔ།

རྒྱལ་ཡོངས་ནང་བཟོ་དང་བཟོ་གྲྭ་ཆུང་བ་(NCSI) གོང་འཕེལ་དངུལ་ཁང་ནང་ སྐྱིན་འགྲུལ་གྱི་ ཞུ་ཡིག་བརྒྱ་ཕྲག་ལས་བཅད་དེ་ ལྷོད་བཞིན་དུ་ཡོདཔ་ཨིན་པས།

སྐྱིན་འགྲུལ་ལེན་ནིའི་དོན་ལུ་ ཞུ་ཡིག་བཙུགས་ནི་ འགོ་བཙུགས་ཏེ་ ཟླཝ་༨ འགྱོཝ་མ་ཚད་ སྐྱིན་འགྲུལ་གྱི་ བྱ་རིམ་རིང་དྲགས་པའི་ཁར་ སྐྱིན་འགྲུལ་བྱིན་ནི་ལུ་ ཡུན་འགྱངས་འགོར་མི་ལུ་བརྟེན་ ལས་མགྲོན་པ་ཚུ་ དབུགས་འགམ་ཡོདཔ་མ་ཚད་ ཞུ་ཡིག་བཙུགས་མི་ ལེ་ཤ་ཅིག་ར་ རེ་ཐག་ཆད་དོ་ཡོདཔ་ཨིན་པས།

ལས་མགྲོན་པ་ཚུ་གིས་ ཉོགས་བཤད་བཀོད་མི་ཚུ་ལུ་ ངོས་ལེན་འབདཝ་དང་འབྲེལ་ དངུལ་ཁང་དེ་གི་ བཀོད་ཁྱབ་གཙོ་འཛིན་ སྐལ་བཟང་གིས་འབད་བ་ཅིན་ དངུལ་ཁང་ནང་ བསམ་བརྗོད་ལས་འདས་པའི་ ཞུ་ཡིག་ཚུ་ ལྷོད་ཡོད་མི་དེ་ཡང་ རྒྱལ་ཁབ་ནང་འཁོད་ལས་ ཉིན་བསྟར་བཞིན་དུ་ ཞུ་ཡིག་༨༠ དེ་རེ་ ལྷོདཔ་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྐྱིན་འགྲུལ་གྱི་སྐྱེད་ཚད་ བརྒྱ་ཆ་༢ ལུ་ མར་ཕབ་འབད་མི་དང་ ཚོད་བསྲེའི་སྒོ་ཚོང་པ་ཚུ་ལུ་ སྐྱིན་འགྲུལ་གྱི་ གནང་བ་གྲུབ་མི་ལུ་བརྟེན་ ཞུ་ཡིག་བཙུགས་མི་ ལེ་ཤ་ཐོནམ་མས་ཟེར་ཨིན་པས།

དེ་མ་ཚད་ དངུལ་ཁང་གི་ འགོ་དཔོན་ག་ར་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ སྡེ་ཚན་ནང་ གསརཔ་ཨིནམ་མ་ཚད་ ལཱ་ཚུ་རྩ་བ་ལས་ འགོ་བཙུགས་ཏེ་ འབད་དགོཔ་ལས་ གདོང་ལེན་ཡོད་ཟེར་ སྐལ་བཟང་གིས་ བཤདཔ་ཨིན་པས།

དངུལ་ཁང་དེ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ དངུལ་ཁང་གིས་ ལས་འགུལ་གྲོས་འཆར་གྱི་ ཞུ་ཡིག་༤,༠༤༡ ཐོབ་མིའི་གྲས་ལས་ ལས་འགུལ་༢,༠༨༧ རྐྱངམ་གཅིག་ གཙོ་རིམ་སྐྱིན་འགྲུལ་ལུ་ གཞི་བཞག་སྟེ་ གནང་བ་གྲུབ་ནུག།

སྤྱི་ཟླ་༡༠ པའི་ཚེས་༢༡ ཚུན་ དངུལ་ཁང་གིས་ ལས་འགུལ་ཚུ་གི་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༦༣༧ འཛིན་གྲོལ་འབད་ཡོདཔ་ཨིན་པས།

སངས་རྒྱས་ཀྱིས་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ལུ་ ག་ཅི་སྦེ་ ཡུན་འགྱངས་ལུས་དོ་ཡོདཔ་ཨིན་ན་བལྟ་བར་ དངུལ་ཁང་ནང་ ལན་ཐེངས་ལེ་ཤ་སོང་ཡོདཔ་ད་ མོ་གིས་ ཀེ་བའི་ཁ་ཟས་བཟོ་ནི་གི་ འཕྲུལ་ཆས་ཅིག་ ཉོ་ནིའི་དོན་ལུ་ སྐྱིན་འགྲུལ་གྱི་ ཞུ་ཡིག་བཙུགས་ཏེ་ ཟླཝ་༥ དེ་ཅིག་ ལང་པའི་ཤུལ་ལས་ ད་རེས་ སྐྱིན་འགྲུལ་ཆ་མེད་གཏང་ནི་སྦེ་ ཐག་བཏོག་ནུག།

མོ་གིས་འབད་བ་ཅིན་ སྒེར་མི་ཚུ་ལས་ དངུལ་བསྐྱི་ནི་དེ་ སྐྱེད་ཚད་མཐོ་དྲགས་ཡོད་རུང་ དངུལ་ཁང་དང་ཕྱདཔ་ད་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་པའི་ཁར་ སྟབས་ཡང་བདེ་བས་ཟེར་ཨིནམ་ད་ མོ་ར་ དངུལ་ཁང་ནང་ ལན་ཐེངས་ལེ་ཤ་འགྱོ་མི་དང་ གླ་འཁོར་གྱི་ གླ་ཆ་སྤྲོད་མི་ཚུ་ རྩིས་རྐྱབ་པ་ཅིན་ དངུལ་ཁང་དང་ སྒེར་གྱི་མི་ཚུ་ལས་ ཏི་རུ་བསྐྱི་མིའི་བར་ན་ ཁྱད་པར་མིན་འདུག་ཟེར་ཨིན་པས།

དངུལ་ཁང་གིས་ ཟླཝ་༡ གི་ཧེ་མར་ མོ་གི་སྐྱིན་འགྲུལ་དེ་ ཆ་འཇོག་འབད་ཡོད་རུང་ མོ་གི་རྩིས་ཁྲ་ནང་ བཙུགས་ནི་ལུ་ སྒུག་སྟེ་ཡོདཔ་ཨིན་པས།

ཀྲོང་གསར་ལས་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ མཐར་ཕྱིན་གྱིས་ཡང་ སྐྱིན་འགྲུལ་ལེན་ནི་ལུ་ དཀའ་ངལ་ཡོད་པའི་སྐོར་ བཤདཔ་ཨིན་པས།

བཀོད་ཁྱབ་གཙོ་འཛིན་ སྐལ་བཟང་གིས་ སླབ་མིའི་ནང་ དངུལ་ཀྲམ་༥༠༠,༠༠༠ ཚུན་འབད་མི་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ཚུ་ ཡུན་འགྱངས་ལུས་མི་དེ་ གཙོ་བོ་ར་ ཉོགས་མེད་ཡི་གུ་ལེ་ཤ་དགོ་མི་ལུ་བརྟེན་ཨིནམ་བཞིན་དུ་ དངུལ་ཀྲམ་ས་ཡ་༢ ཡན་ཆད་འབད་མི་ སྐྱིན་འགྲུལ་ཨིན་པ་ཅིན་ ཚོགས་ཆུང་གིས་ གནང་བ་འགྲུབ་དགོ་ཟེར་ བཤདཔ་ཨིན་པས།

དཀའ་ངལ་གཞན་དེ་ སྡེ་ཚན་གསརཔ་ལུ་ དངུལ་ཁང་དང་འབྲེལ་བའི་ མཉེན་ཆས་རིམ་ལུགས་ཀྱི་ ཤེས་མྱོང་མེདཔ་ལས་ ད་ལྟོ་ ལྷབ་སྦྱང་འབད་བའི་བསྒང་ཡོད་ནི་དེ་གིས་ཨིན་ཟེར་ སྐལ་བཟང་གིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *