གནམ་གྲུ་ཨེ་ཊི་ཨར་གསརཔ་ ཉོ་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་དེ་ ཡིག་ཆ་བརྗེ་སོར་འབད་བའི་བསྒང་།

སཱག་གོང་འཕེལ་མ་དངུལ་གྱིས་ གནམ་གྲུ་ཉོ་ནིའི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡༣ སྐྱིན་འགྲུལ་བྱིན་ནི།

༉ གནམ་གྲུ་ཨེ་ཊི་ཨར་༤༢-༥༠༠ འབད་མིའི་ཚབ་ལུ་ གནམ་གྲུ་གསརཔ་ ཨེ་ཊི་ཨར་༤༢-༦༠༠ དེ་ ཤུལ་མའི་ཟླཝ་ནང་ རྒྱལ་ཁབ་ནང་ ལྷོད་ནི་ཨིན་པས།
དེ་ཡང་ ཁ་ཙ་ ཐིམ་ཕུག་ལུ་ སཱག་གོང་འཕེལ་མ་དངུལ་དང་ འབྲུག་མཁའ་འགྲུལ་ལས་འཛིན་གྱི་བར་ན་ སྐྱིན་འགྲུལ་གྱི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ གནམ་གྲུ་ཉོ་ནི་གི་ ཟད་འགྲོ་བསྡོམས་ ཡུ་ཨེསི་ཌོ་ལར་ས་ཡ་༡༣ འབདཝ་ད་ དངུལ་ཀྲམ་ས་ཡ་༩༡༨ དེ་ཅིག་ཨིན་པས།
གནམ་གྲུའི་རིན་གོང་ལས་ ཟད་འགྲོ་བརྒྱ་ཆ་༧༠ སཱག་གོང་འཕེལ་མ་དངུལ་གྱི་ སྐྱིན་འགྲུལ་ལས་ གཏང་ནི་ཨིནམ་ད་ སྐྱིན་འགྲུལ་དེ་ དུས་ཡུན་ལོ་༡༠ གྱི་དོན་ལུ་ སྐྱེད་བརྒྱ་ཆ་༤ རེ་ གནས་ནི་ཨིནམ་ད་ གནམ་གྲུའི་ཟད་འགྲོ་བརྒྱ་ཆ་༣༠ དེ་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ གཏང་དགོཔ་ཨིན་པས།
ད་རུང་ འབྲུག་མཁའ་འགྲུལ་ལས་འཛིན་དང་ དངུལ་རྩིས་ལྷན་ཁག་གི་བར་ན་ཡང་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ གནས་གྲུ་གསརཔ་ ཨེ་ཊི་ཨར་༤༢-༦༠༠ འབད་མི་དེ་ ཡུ་ཨེསི་ཌོ་ལར་ས་ཡ་༡༨.༥ དེ་ཅིག་ གནས་ནི་ཨིན་པས།
དངུལ་རྩིས་ལྷན་ཁག་དང་ སཱག་གོང་འཕེལ་མ་དངུལ་གཉིས་ཀྱི་བར་ན་ འགན་ལེན་གྱི་ མཚན་རྟགས་ཅིག་ཡང་ བཀོད་ཡོདཔ་ད་ སཱག་གོང་འཕེལ་མ་དངུལ་འོག་ལུ་ དཔལ་འབྱོར་དང་ གཞི་རྟེན་ལས་རིམ་ལས་ སྐྱིན་འགྲུལ་བྱིན་མི་དེ་ འགོ་དང་པ་ཨིན་པས།
སཱག་གོང་འཕེལ་མ་དངུལ་འོག་ལུ་ ལས་རིམ་༣ ཡོདཔ་ད་ ལས་རིམ་གཞན་༢ དེ་ མི་སྡེ་དང་ ཚོང་འབྲེལ་ཆུང་བ་དང་ བར་མ་ཚུ་གི་དོན་ལུ་ དངུལ་འབྲེལ་རྒྱབ་སྐྱོར་བྱིནམ་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ བཤད་མིའི་ནང་ གནམ་གྲུ་གསརཔ་ལུ་བརྟེན་ ལུང་ཕྱོགས་ནང་འཁོད་ལུ་ འཕུར་འགྲུལ་ལམ་ ཁ་སྐོང་བཙུགས་ནི་གི་ འོས་འབབ་བལྟ་ཚུགས་ནི་དང་ ལུང་ཕྱོགས་གཅིག་སྒྲིལ་དང་ མཐུད་སྦྲེལ་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
སཱག་གོང་འཕེལ་མ་དངུལ་གྱི་བཀོད་ཁྱབ་གཙོ་འཛིན་ ཌོག་ཊར་སུ་ནིལ་ མོ་ཏི་ཝཱལ་གྱིས་ སླབ་མིའི་ནང་ མ་དངུལ་དེ་གིས་ འབྲུག་མཁའ་འགྲུལ་ལས་འཛིན་ལུ་ བང་ལ་དེཤ་དང་ རྒྱ་གར་ ནེ་པཱལ་ཚུ་ནང་ མཁའ་འགྲུལ་ལམ་ མཐུད་སྦྲེལ་འབད་ཚུགས་ནི་ ཨིན་པའི་ཁར་ དཔལ་འབྱོར་འབྲེལ་མཐུན་དང་ ལུང་ཕྱོགས་ནང་ གཅིག་སྒྲིལ་བཟོ་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ རྟ་མགྲིན་དབང་ཕྱུ་གིས་འབད་བ་ཅིན་ གནམ་གྲུ་ཨེ་ཊི་ཨར་གསརཔ་དེ་གིས་ ལུང་ཕྱོགས་ལས་སྡེ་དང་ ནང་འཁོད་ལུ་ འཕུར་འགྲུལ་འབད་བའི་སྐབས་ ཉེན་སྲུང་དང་ གནས་ཚད་ དེ་ལས་ མཁའ་འགྲུལ་གྱི་ ཞབས་ཏོག་ཚུ་ ཡར་དྲག་གཏང་ཚུགས་ཟེར་ཨིན་པས།
ཨེ་ཊི་ཨར་གསརཔ་༤༢-༦༠༠ དེ་ ཨེ་ཊི་ཨར་རྙིངམ་༤༢-༥༠༠ གི་ཚབ་ཨིནམ་ད་ ད་ལྟོ་ཡོད་མི་ གནམ་གྲུ་ཨེ་ཊི་ཨར་དེ་ ལོ་༡༦ དེ་ཅིག་ ལང་ཡོད་པའི་ཁར་ མཐུན་རྐྱེན་ག་ར་ རྙིངམ་ཐལ་ཏེ་ཡོདཔ་ལས་ གནམ་གཤིས་གནས་སྟངས་ལུ་བརྟེན་ འཕུར་འགྲུལ་འབད་ནི་ལུ་ དཀའ་ངལ་བྱུང་མི་དེ་ཡང་ སེལ་ཐབས་འབད་འོང་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤད་ཅི།
ཁོ་གིས་ སླབ་མིའི་ནང་ གནམ་གྲུ་གསརཔ་ནང་ ཉེན་སྲུང་འཕྲུལ་ཆས་དང་ ས་སྨུག་གུ་ལས་ འཕུར་འགྲུལ་འབད་ཚུགས་པའི་ དེང་སང་གི་ མཐུན་རྐྱེན་ཚུ་ཡོད་ཟེར་ཨིནམ་ད་ མཁའ་འགྲུལཔ་ཤོང་ཚད་དེ་ ཧེ་མའི་གནམ་གྲུ་ ཨེ་ཊི་ཨར་རྙིངམ་དང་ འདྲན་འདྲ་ཡོདཔ་བཞིན་དུ་ མི་༤༢ ཤོང་ཚད་ཡོད་ཟེར་ཨིན་པས།
ད་རུང་ ཁ་སྐོང་གནམ་གྲུ་ཨེར་བཱསི་གསརཔ་ ནིའུ་ཨེ་༣༢༠ འབད་མི་ཡང་ སྤྱི་ལོ་༢༠༢༠ ནང་ འབྲུག་ལུ་ ལྷོད་ནི་གི་ འཆར་གཞི་ཡོད་ཟེར་ བཀོད་ཁྱབ་གཙོ་འཛིན་གྱིས་ བཤད་ཅི།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་འཛིན་དྲགོས་ དཔལ་འབྱོར་གྱིས་ སླབ་མིའི་ནང་ ལུང་ཕྱོགས་མཐུད་སྦྲེལ་འབད་ནིའི་དོན་ལས་ གཞུང་དང་ སཱག་གོང་འཕེལ་མ་དངུལ་ དེ་ལས་ འབྲུག་མཁའ་འགྲུལ་ལས་འཛིན་ལུ་ རྒྱལ་རབས་ཅན་ཅིག་ཨིནམ་མ་ཚད་ གནམ་གྲུ་གསརཔ་དེ་གིས་ རྒྱལ་ཁབ་ནང་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ཡང་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱི་ གནམ་གྲུ་ཉོ་ནི་ ལས་འགུལ་དེ་ སྤྱི་ལོ་༢༠༡༨ ཟླ་༡༢ པའི་ནང་ སཱག་གོང་འཕེལ་མ་དངུལ་གྱི་ མདོ་ཆེན་ཚུ་གི་ ཞལ་འཛོམས་འཚོགས་པའི་སྐབས་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *