སག་སྟེང་པ་ཚུ་གིས་ ཆུ་བཤལ་བཏུབ་པའི་གསང་སྤྱོད་ རྐྱབ་ནིའི་དོན་ལུ་ ཅ་ཆས་ཚུ་ འབག་འགྱོ་བའི་བསྒང་།

སག་སྟེང་རྒེད་འོག་ནང་ གཙང་སྦྲ་འཕྲོད་བསྟེན་ ཡར་དྲག་འགྱོ་དོ་ཡོདཔ།

༉ བཀྲིས་སྒང་ སག་སྟེང་རྒེད་འོག་དེ་ རྒེད་འོག་གཞན་ཚུ་དང་ཕྱདཔ་ད་ གཙང་སྦྲ་འཕྲོད་བསྟེན་ནང་ ཡར་དྲག་སོང་སྟེ་འདུག།
དེ་ཡང་ ད་རེས་རྒེད་འོག་ནང་ གློག་མེ་དང་ བརྒྱུད་འཕྲིན་ འཐུང་ཆུ་བཀྲམ་སྤེལ་ དེ་ལ་ འཁོར་ལམ་གྱི་མཐུན་རྐྱེན་ཚུ་ ལྷོད་ནི་དེ་གིས་ཨིན་པས།
སྐྱེས་ལོ་༣༢ ལང་མི་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ སག་སྟེང་དེ་ ས་ཁ་མཐོ་སར་ཆགས་ནི་དེ་གིས་ ཆརཔ་རྐྱབ་ད་ གནམ་བྱཱར་དགུན་མེད་པར་ བསིལ་ཏོང་ཏོ་འོངམ་མས་ཟེར་ཨིནམ་ད་ གནམ་གཤིས་ལུ་བརྟེན་ ཧེ་མ་འབད་བ་ཅིན་ གཙང་སྦྲ་དེ་ཅིག་ བཏོན་མ་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ ཧེ་མ་ ཕམ་ཚུ་གི་སྐབས་ལུ་དང་ ད་རེས་ཀྱི་གནས་སྟངས་དེ་ མི་འདྲ་ཟེར་ ཁོ་གིས་བཤད་པའི་ཁར་ ད་རེས་ གཞུང་གིས་ འཐུང་ཆུ་ལ་སོགས་པའི་ མཐུན་རྐྱེན་ཚུ་ གཞི་བཙུགས་གནང་སྟེ་ ག་ཅི་འབད་རུང་ གཙང་སྦྲ་བཏོན་ཚུགས་པས་ཟེར་ཨིན་པས།
སག་སྟེང་དེ་ རྒྱ་མཚོའི་མཐའ་མ་ལས་ མི་ཊར་༣༠༠༠ ལྷགཔ་ཅིག་གི་ ས་ཁར་ཆགས་ཡོདཔ་ད་ ཟླཝ་༦ ལྷགཔ་ཅིག་ བསིལ་ཏོང་ཏོ་སྦེ་ར་ སྡོད་དོ་ཡོདཔ་ཨིན་པས།
སག་སྟེང་པ་ དཀར་ཅུང་གིས་ སླབ་མིའི་ནང་ ཧེ་མ་ གུང་པ་༡༥ བསྡོམས་ཏེ་ འཐུང་ཆུའི་ཀ་ལི་༡ ལག་ལེན་འཐབ་དགོ་ཟེར་ཨིནམ་ད་ ད་རེས་ གུང་པ་རེ་ལུ་ ཆུའི་ཀ་ལི་ རེ་ཡོདཔ་ལས་ གཙང་སྦྲ་བཏོན་མ་ཚུགས་པའི་ དཔེ་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སག་སྟེང་གཡུས་ཚན་དེ་ ག་ར་གཅིག་ཁར་སྤུངས་ཏེ་ཡོདཔ་ལས་ ཆུ་གཡུར་ལེགས་ཤོམ་གཅིག་མེད་ནི་དེ་གིས་ ཁྱིམ་གྱི་མཐའ་འཁོར་ཚུ་ གཙང་ཏོག་ཏོ་སྦེ་བཞག་ནི་ལུ་ གདོང་ལེན་ཡོདཔ་མ་གཏོགས་ ཁྱིམ་ནང་འབད་བ་ཅིན་ གཙང་སྦྲ་བཏོན་ཚུགས་ཏེ་ཡོད་ཟེར་ ཨིན་པས།

གཙང་སྦྲ་འཕྲོད་བསྟེན་ནང་ ཡར་དྲག་སོང་མི་ སག་སྟེང་རྒེད་འོག།
གཞུང་གི་སྲིད་བྱུས་དང་འཁྲིལ་ གུང་པ་ག་ར་གིས་ ཆུ་བཤལ་རྐྱབ་བཏུབ་པའི་ གསང་སྤྱོད་རེ་རྐྱབ་སྟེ་ཡོད་ཟེར་ ཨ་ལོ་༢ ཀྱི་ཨའི་ ཟླ་བ་ཆོས་འཛོམས་ཀྱིས་ བཤད་པའི་ཁར་ གསང་སྤྱོད་རྐྱབ་ཞིནམ་ལས་ ནད་གཞི་ཡང་ མར་ཕབ་འབད་ཚུགས་དོ་བཟུམ་སྦེ་ ཚོར་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཧེ་མ་ ཕ་མའི་སྐབས་ གསང་སྤྱོད་ཡང་ ཕྱི་ཁ་ལས་ གོ་ལ་དང་ རས་ལ་སོགས་པ་ཚུ་གིས་ སྤུབས་ཏེ་བཟོ་མི་དེ་ ལག་ལེན་འཐབ་དགོ་ཟེར་ཨིནམ་ད་ གསང་སྤྱོད་ནང་ལས་ དྲི་ངན་གྱིས་འབད་མི་ཚུགས་ཟེར་ཨིན་པས།
གཡུས་མི་ཚུ་དང་འཁྲིལ་བ་ཅིན་ ཧེ་མ་ གསང་སྤྱོད་མེད་པའི་སྐབས་ སྤང་དང་ ཆུའི་མཐའམ་བདའ་སྟེ་ ཆབ་གསང་ཚུ་ ག་ཧོད་བཏང་བཞག་འོང་ཟེར་ཨིནམ་ད་ ད་རེས་ རང་སོའི་གསང་སྤྱོད་རྐྱབ་ཡོདཔ་ལས་ ཆུ་བཤལ་བཏུབ་པའི་ གསང་སྤྱོད་ལག་ལེན་འཐབ་མས་ཟེར་ ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ གངས་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་གསོ་བའི་ལས་སྡེ་གིས་ ལ་ཁར་སྡོད་མི་ཚུ་ལུ་ གཙང་སྦྲ་ཁག་ཆེ་བའི་སྐོར་ལས་ གོ་བརྡ་སྤེལ་ཏེ་ཡོད་ཟེར་ཨིནམ་ད་ སག་སྟེང་པ་ཚུ་ གཡུས་ཁར་ དེ་ཅིག་ར་མ་སྡོད་ནི་དེ་གིས་ ཁོ་རའི་ བསམ་པ་བསྒྱུར་བཅོས་འབད་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་སྡེ་གིས་ ལ་ཁར་སྡོད་མི་ཚུ་ གཙང་སྦྲ་འཕྲོད་བསྟེན་དང་ སྨན་བཅོས་ཚུ་ ག་ཅི་འབད་རུང་ གཙོ་རིམ་བཟུང་དོ་ཟེར་ཨིནམ་ད་ ཧེ་མ་དང་ཕྱདཔ་ད་ གཙང་སྦྲའི་ཐད་ཁར་ ལེགས་འགྱུར་སོང་སྟེ་ཡོད་ཟེར་ཨིན་པས།
སག་སྟེང་པ་ཚུ་ ལ་ནོར་ལུ་ བརྟེན་སྡོད་དགོ་ནི་དེ་གིས་ གཙང་སྦྲ་བཏོན་རུང་ ཁུངས་མིན་འདུག་ཟེར་ སླབ་དོ་ཡོདཔ་ད་ མནོ་ལུགས་བསྒྱུར་བཅོས་འབད་ཚུགས་པར་ ལཱ་ཁག་འདུག་ཟེར་ ཞི་གཡོགཔ་ཅིག་གིས་ བཤདཔ་ཨིན་པས།
ས་གནས་ཀྱི་ མི་ཅིག་གིས་བཤད་མའི་ནང་ སག་སྟེང་གཡུས་ཚན་དེ་ ག་ར་སྤུངས་འཛོམས་སྦེ་ཡོདཔ་ལས་ གསང་སྤྱོད་རྐྱབ་ནིའི་ ས་གོ་ཡང་མེད་པར་ཡོད་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ གཙང་སྦྲ་བཏོན་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།
འབྲུག་གི་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་༢༠༡༧ དང་འཁྲིལ་བ་ཅིན་ མཁའ་གླིང་རྒེད་འོག་དེ་ གཙང་སྦྲ་འཕྲོད་བསྟེན་ནང་ བརྒྱ་ཆ་༩༧.༨ ཨིན་པའི་སྙན་ཞུ་ཡོདཔ་ད་ ཉུང་ཤོས་ར་ སག་སྟེང་རྒེད་འོག་ནང་ བརྒྱ་ཆ་༤༤.༤ འབདཝ་ད་ གཙང་སྦྲ་དེ་ཅིག་ར་ བཏོན་མ་ཚུགས་པའི་ གྲངས་སུ་ཚུདཔ་ཨིན་པས།
སག་སྟེང་རྒཔོ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གི་ཁ་ཐུག་ལས་ གུང་པ་ག་ར་གིས་ ཆུ་བཤལ་བཏུབ་པའི་ གསང་སྤྱོད་རྐྱབ་དགོ་པའི་སྐོར་ལས་ མི་སེར་ཚུ་ལུ་ གོ་བརྡ་སྤེལ་ཏེ་ཡོད་ཟེར་ཨིནམ་ད་ དུས་ཅི་ལོ་མཇུག་བསྡུ་ཁམས་ལུ་ སག་སྟེང་རྒེད་འོག་གི་ གུང་པ་ག་ར་ལུ་ ཆུ་བཤལ་བཏུབ་པའི་གསང་སྤྱོད་ རྐྱབ་ཚར་འོང་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ རྒེད་འོག་ནང་ ཧེ་མ་ འཁོར་ལམ་མ་ལྷོད་མི་དེ་གིས་ གསང་སྤྱོད་བརྒྱ་ཆ་ལས་བརྒྱ་ རྐྱབ་མ་ཚུགས་ཟེར་ཨིནམ་ད་ ད་རེས་ མི་སེར་མང་ཤོས་ཀྱིས་ གསང་སྤྱོད་རྐྱབ་ཚར་ཡོདཔ་མ་ཚད་ ལ་ལོ་ཅིག་ རྐྱབ་པའི་བསྒང་ཡོད་ཟེར་ཨིན་པས།
བཀྲིས་སྒང་ལུ་ གུང་པ་༣,༠༦༧ དེ་ཅིག་ཡོདཔ་བཞིན་དུ་ གཙང་སྦྲ་དེ་ཅིག་ར་མིན་འདུག་ཟེར་ འབྲུག་གི་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་༢༠༡༧ ནང་བཀོད་འདུག་པའི་གནས་ཚུལ།

སག་སྟེང། གནས་བརྟན་རྡོ་རྗེ།

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *