བསམ་གྲུབ་ལྗོངས་མཁར་ཁྲོམ།

ས་མཚམས་སྒོ་བསྡམས་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་གྱི་ ཟ་ཁང་ཚུ་ལུ་ ཐོ་སྦོམ་ཕོག་ཡོདཔ།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ས་མཚམས་སྒོ་ར་ཚུ་བསྡམས་རུང་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ སྦུང་ཚོང་དང་ བཟའ་འཐུང་གི་རིགས་ ཚོང་འབྲེལ་འཐབ་མི་ཚུ་གིས་ ཚོང་འབྲེལ་ལེགས་ཤོམ་སྦེ་ར་ འཐབ་ཚུགས་དོ་ཡོད་རུང་ ཟ་ཁང་ཚུ་ལུ་ ཐོ་སྦོམ་ཕོག་ཡོདཔ་ལས་ ཇོ་བདག་ཚུ་ སྐྱིན་འགྲུལ་ལ་སོགས་པ་ཚུ་ ག་དེ་སྦེ་ བཏབ་ནི་ཨིན་ནའི་ ཚ་གྱང་ལང་སྟེ་འདུག།
སྐྱིན་འགྲུལ་བཏབ་ནི་དང་ ཁང་གླ་བཏབ་ནི་ དེ་ལས་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་བྱིན་ནི་ཚུ་ ཟ་ཁང་ཇོ་བདག་ཚུ་གི་ སྤྱིར་བཏང་དཀའ་ངལ་ཨིནམ་ད་ ཟ་ཁང་ཚུ་ ཨ་རྟག་ར་ སྒོ་ཕྱེས་བཞག་དོ་ཡོད་རུང་ ཚོང་མགྲོན་པ་ཚུ་ འོང་ནི་མེདཔ་བཞིན་དུ་ ཁོང་ལུ་ འོང་འབབ་ཀྱི་ ཐབས་ལམ་གཞན་ ག་ནི་ཡང་མེད་ཟེར་ ཇོ་བདག་ཚུ་གིས་ བཤདཔ་ཨིན་པས།
མ་ར་ཏི་ཀ་ཟ་ཁང་གི་ཇོ་བདག་ པདྨ་གཡང་སྐྱིད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ལུ་ ཡུན་བརྟན་གནས་ཚུགས་ནི་ལུ་ ལཱ་ཁག་ཡོད་མི་ལུ་བརྟེན་ ཁང་གླ་དང་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་སྤྲོད་ནི་ལུ་ གདོང་ལེན་ཡོདཔ་ལས་ ཤུལ་མའི་ཟླཝ་ནང་ལས་ ཟ་ཁང་ལོག་སྤྲོད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ འོང་འབབ་ཀྱི་ ཐབས་ལམ་གཞན་མེདཔ་ལས་ སྐྱིན་འགྲུལ་ག་དེ་སྦེ་ བཏབ་ནི་ཨིན་ནའི་ ཚ་གྱང་ལང་སྟེ་ ཡོད་ཟེར་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་ལུ་ ཚོང་འབྲེལ་གྱི་ གོ་སྐབས་མི་མཐོང་དོ་ཡོདཔ་ལས་ ཟ་ཁང་ལོག་སྤྲོད་ནི་མ་གཏོགས་ འབད་ཐབས་གཞན་མིན་འདུག་ཟེར་ཨིན་པས།
ཊི་ཌི་མགྱོན་ཁྱིམ་གྱི་ཇོ་བདག་ ཀརྨ་བསྟན་འཛིན་གྱིས་ ཁྲོམ་ཁའི་ཟ་ཁང་མང་ཤོས་ར་ གླ་ཁར་ཡོདཔ་ལས་ ཇོ་བདག་ཚུ་གིས་ ཁང་གླ་སྤྲོད་མ་ཚུགས་པའི་ གདོང་ལེན་འབྱུང་འོང་ཟེར་ཨིནམ་ད་ འབྲེལ་ཡོད་དབང་འཛིན་དང་གཞུང་གིས་ སྐྱིན་འགྲུལ་བཏབ་ནིའི་ དུས་ཚོད་དེ་ ད་རུང་ ཕར་འགྱངས་འབད་བ་ཅིན་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟ་ཁང་གི་ ཇོ་བདག་ཚུ་གིས་ སྐྱིན་འགྲུལ་བཏབ་མ་ཚུགས་པ་ཅིན་ ཟླཝ་དག་པ་ཅིག་གི་ཤུལ་ལས་ རྒྱུ་དངོས་ཚུ་ག་ར་ འཕྱོག་བཟུང་འབད་ཚར་འོང་ཟེར་ཨིནམ་ད་ ད་ལྟོ་ཚུན་ ཁྱིམ་ཇོ་བདག་ཚུ་གིས་ཡང་ ཁང་གླ་ཚུ་ དུམ་གྲ་རེ་ ཕབ་ཆག་བྱིན་ཡོད་རུང་ ད་ལས་ཕར་ སྐྱིན་འགྲུལ་གྱི་དུས་ཚོད་དེ་ ཕར་འགྱངས་མ་འབད་བ་ཅིན་ ཁོང་གིས་ཡང་ བྱིན་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།
འབྲུག་མའུ་ཊེན་ཟ་ཁང་གི་ཇོ་བདག་ ལྷུན་གྲུབ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ད་རེས་ ཉིནམ་༡ ནང་ འོང་འབབ་དངུལ་ཀྲམ་༡,༠༠༠ དེ་ཅིག་ཡང་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིནམ་ད་ སྐྱིན་འགྲུལ་དང་ ཁང་གླ་བཏབ་ནི་ དེ་ལས་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་སྤྲོད་མ་ཚུགས་མི་དེ་ ཇོ་བདག་ཚུ་གི་ སྤྱིར་བཏང་དཀའ་ངལ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཚུ་ ཧེ་མ་ག་སྤྲོད་མི་དེ་ར་ སྤྲོད་ཡོད་རུང་ ད་ལས་ཕར་ མནོ་བསམ་གཏང་དགོ་པས་ཟེར་ཨིནམ་ད་ ཟླཝ་༤ དེ་ཅིག་གི་ ཁང་གླ་མ་སྤྲོད་ཟེར་ཨིནམ་ད་ གནས་སྟངས་དེ་ ཡར་དྲག་མ་འགྱོ་བ་ཅིན་ ཐབས་ལམ་གཞན་བལྟ་དགོཔ་ ཁག་ཆེ་ནི་མས་ཟེར་ཨིན་པས།
ཟླཝ་༣ གྱི་རིང་ སྐྱིན་འགྲུལ་བཏབ་མ་དགོ་པའི་ སྐྱིད་སྡུག་གནང་མི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིནམ་ད་ ཁྲོམ་ཁར་ ཚོང་འབྲེལ་གྱི་ གོ་སྐབས་དེ་ཅིག་ མི་མཐོང་དོ་ཡོདཔ་ལས་ ད་ལས་ཕར་འབད་རུང་ དེ་བཟུམ་མའི་ སྐྱིད་སྡུག་གནང་ཐབས་ཡོད་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཟ་ཁང་གི་ ཇོ་བདག་གཞན་ཚུ་གིས་ སླབ་མིའི་ནང་ ནད་ཡམས་དེ་གིས་ བསམ་གྲུབ་ལྗོངས་མཁར་རྐྱངམ་གཅིག་མེན་པར་ ཤར་ཕྱོགས་ཁ་ཐུག་གི་ ཟ་ཁང་ག་ར་ལུ་ གནོད་སྐྱོན་རྐྱབ་ཡོད་རུང་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ད་རུང་ སྐྱིན་འགྲུལ་ཟླཝ་༣ བཏབ་མ་དགོ་པའི་ གསལ་བསྒྲགས་འབད་མི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ སྤྱི་ཚོགས་ནང་ ལུང་ཕྱོགས་ལྟ་བཤལ་གྱི་དོན་ལུ་ འཛུལ་སྒོ་༥ ཕྱེ་ནིའི་ ཆ་འཇོག་གནང་མི་དེ་ དེ་འཕྲོ་ལས་ ལག་ལེན་འཐབ་ཡོད་པ་ཅིན་ ཟ་ཁང་ཚུ་ལུ་ ཕན་ཐོགས་འབྱུང་བྱུངམ་འོང་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *