ལས་རིམ་ནང་ བཅའ་མར་གཏོགས་མི་ མི་སེར་ཚུ།

ས་མཐོ་སའི་མི་སེར་ཚུ་གིས་ སྔོ་སྨན་འཛིན་སྐྱོང་འབད་ནི་ལུ་ སྤྲོ་བ་ལེན་ནིའི་འོས་འབབ།

༉ ལ་ནོར་ལུ་བརྟེན་སྡོད་མི་ གླིང་བཞི་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ ཚེ་རིམ་གཡུས་རྒྱལ་ཚོགས་པའི་སྒྲིག་གཞི་དང་ བྱ་སྒོའི་ལམ་ལུགས་གསརཔ་ གཞི་བཙུགས་འབད་མི་གིས་ སྔོ་སྨན་རིགས་ཚུ་ འཛིན་སྐྱོང་འབད་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༨ ལུ་ མེ་སོ་གཡུས་ཚན་ནང་ཡོད་པའི་ སྨན་བཟོ་ཁང་མིག་ནང་སྦེ་ རྒྱལ་ཡོངས་ནགས་ཚལ་གླིང་ཀའི་འགོ་དཔོན་དང་ ཚོགས་པའི་ཁྲི་འཛིན་༢ ཀྱི་བར་ན་ གན་ཡིག་གུ་ མཚན་རྟགས་བཀོད་ཅི།
ས་གནས་ཚུ་ ལ་ཁ་མཐོ་སར་ ཆགས་ནི་དེ་གིས་ སོ་ནམ་ལུ་བརྟེན་ འཚོ་བ་སྐྱོང་ནིའི་ འོས་འབབ་མེདཔ་ལས་ ལ་ནོར་དང་ ལྟ་བཤལ་ དེ་ལས་ སྔོ་སྨན་ལུ་བརྟེན་དོ་ཡོདཔ་ཨིན་རུང་ སྔོ་སྨན་ཡུན་བརྟན་ཐོག་ འཛིན་སྐྱོང་འབད་དེ་ བསྡུ་ལེན་འབད་དགོ་པའི་ གནས་སྟངས་ལུ་ལྷོད་ནུག་ཟེར་ཨིན་པས།
ལོ་ངོ་བཅུ་ཕྲག་༤ གི་རིང་ སྔོ་སྨན་ཚུ་ རང་སོའི་བློ་འདོད་ལྟར་ བསྡུ་བསྒྱོམ་འབད་དེ་ འོང་འབབ་བཟོ་ཡོད་རུང་ ཡུན་བརྟན་ཐོག་ལས་ ལག་ལེན་འཐབ་ནི་ལུ་ མི་སེར་ཚུ་ལུ་ ཤེས་བྱ་དང་ ཉམས་མྱོང་མེདཔ་ལས་ གླིང་ཀའི་འགོ་དཔོན་ཚུ་གིས་ སྨན་བསྡུ་བསྒྱོམ་འབད་ཐངས་ཀྱི་ འཆར་གཞི་དང་ ལས་འཆར་ཚུ་ བརྩམས་ཏེ་འདུག།
གླིང་ཀའི་འགོ་དཔོན་རཱམ་གྱིས་ སླབ་མིའི་ནང་ ཚོགས་པའི་དམིགས་ཡུལ་གཙོ་བོ་ར་ རང་བཞིན་གནས་སྟངས་དང་ མཐའ་འཁོར་ཉམས་སྲུང་འབད་ཐོག་ལས་ སྔོ་སྨན་རིགས་ཡུན་བརྟན་སྦེ་ འཐོབ་ཚུགས་ཐབས་དང་ ཚོང་ལམ་རྒྱ་སྐྱེད་གཏང་ནི་ འོང་འབབ་བཟོ་སྟེ་ རང་མགོ་རང་འདྲོངས་བཟོ་ནི་ དེ་ལས་ ཕྱི་མི་བཀག་ཆ་འབད་ནི་ ཚུལ་མིན་ཐོག་ བསྡུ་བསྒྱོམ་འབད་ནི་ལས་ བཀག་ཐབས་འབད་ཚུགས་པའི་ དགོས་དོན་ཡོད་ཟེར་ཨིན་པས།
ཚེ་རིང་གཡུས་རྒྱལ་ཚོགས་པའི་ཁྲི་འཛིན་ འཕྲིན་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཚོགས་པའི་གན་ཡིག་ལུ་བརྟེན་ ད་ལས་ཕར་ འཐུས་མི་གུང་པ་༨༢ ཀྱིས་ གཅིག་སྒྲིལ་གཅིག་མཐུན་ཐོག་ལས་ སྨན་བསྡུ་བསྒྱོམ་འབད་ནི་དང་ སྨན་རིགས་འཛིན་སྐྱོང་འཐབ་ནི་ དེ་ལས་ སྔོ་སྨན་ཡུན་བརྟན་བཞག་ནི་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།
སྨན་ལྗོངས་གསོ་རིག་སྨན་བཟོ་ལས་འཛིན་འོག་གི་ ཞིབ་འཚོལ་གོང་འཕེལ་འགོ་དཔོན་ བསམ་གཏན་གྱིས་ སླབ་མིའི་ནང་ གན་ཡིག་ལུ་བརྟེན་ ད་ལས་ཕར་ སྨན་བསྡུ་བསྒྱོམ་འབད་ཐངས་ཚུ་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ འབད་ཚུགས་ནི་དང་ གཡུས་སྒོའི་ནང་སྡོད་མི་ ན་གཞོན་ཚུ་ལུ་ སྨན་རིགས་འཛིན་སྐྱོང་གི་ སྦྱོང་བརྡར་བྱིན་ནི་ཨིན་ཟེར་ཨིན་པས།
ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ ཐུགས་ན་ཆོས་གྲགས་ཀྱིས་ སླབ་མིའི་ནང་ མ་འོངས་ཡུན་བརྟན་སྦེ་ འོང་འབབ་བཟོ་ནིའི་ གོ་སྐབས་འཚོལ་བར་ གཡུས་གཞན་ཁར་ འགྱོ་མི་དགོ་པར་ གླིང་བཞི་མི་སེར་གྱི་དོན་ལུ་ སྨན་རིགས་ཚུ་ ཁྱིམ་གྱི་གདོང་ཁ་ལས་ཕར་ སྐྱེས་ཏེ་ཡོདཔ་ལས་ འཛིན་སྐྱོང་འབད་དགོཔ་གལ་ཆེ་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ གཡུས་མི་ཚུ་གིས་ ད་རེས་ནངས་པར་ དབྱར་རྩྭ་དགུན་འབུབ་ལུ་ སྤྲོ་བ་བསྐྱེད་ཞིནམ་ལས་ ལ་ནོར་བདག་འཛིན་འབད་ནི་དང་ སྔོ་སྨན་འཛིན་སྐྱོང་འཐབ་ནི་ སྨན་བཟོ་ནི་ཚུ་ལུ་ སྤྲོ་བ་ཞེན་སུ་འགྱོ་མི་དེ་ འོང་འབབ་ཉུང་སུ་ཅིག་ལས་བརྒལ་ མི་ཐོབ་ནི་དེ་གིས་ཨིན་ཟེར་ བཤད་ཅི།
འདས་པའི་ལོ་༡༠ གྱི་སྔ་ཆ་ལུ་ ལོག་བལྟ་བ་ཅིན་ དབྱར་རྩྭ་དགུན་འབུབ་དེ་ ས་ཁོངས་ཚུ་ནང་ འབོལ་དྲགས་སྦེ་ཡོད་རུང་ ད་རེས་ནངས་པར་ མར་བབས་རྒྱ་ཆེཝ་སྦེ་ར་ སོང་ཡོད་མི་ལུ་བལྟཝ་ད་ མ་འོངས་ཡུན་བརྟན་གནས་ནི་ལུ་ ཉེན་ཁ་སྦོམ་ར་འདུག་ཟེར་ཨིན་པས།
སྐྱེ་ལྡན་རིགས་སྣ་སྡེ་ཚན་ལས་ བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱ་གར་རྒྱལ་ཁབ་ནང་ སྨན་རིགས་ བཟོ་སྐྲུན་འབད་དེ་ ཕྱིའི་མགྱོནམ་ལུ་ བཙོང་པའི་ཤུལ་ལས་ མགྱོནམ་དེ་གིས་ ཁོ་གིས་ བཟོ་ཡོད་པའི་སྐོར་ལས་ འཛམ་གླིང་རྒྱལ་སྤྱི་ནང་ ཡོངས་གྲགས་སོང་ཡོདཔ་ལས་ རྒྱ་གར་གཞུང་གིས་ ཟད་འགྲོ་སྦོམ་བཏང་སྟེ་ རྩོད་བཤེར་འབད་དེ་ ལོག་ཐོབ་ཡོད་པའི་ལོ་རྒྱུས་ཡོད་ཟེར་ཨིན་པས།
དཔེ་འདི་བཟུམ་སྦེ་ གླིང་བཞི་ལས་ཐོན་མི་ སྔོ་སྨན་ཚུ་ མི་སེར་ཚུ་གིས་ བདག་འཛིན་འབད་དེ་ གཞུང་ལུ་ཐོ་ བཀོད་འབད་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་རུང་ གལ་སྲིད་ མི་སེར་ཚུ་གིས་ སྔོ་སྨན་བསྡུ་བསྒྱོམ་འབད་མི་ཚུ་ འོང་འབབ་འབོར་ཆེ་ཏོག་ཏོ་ ཐོབ་ཚུགས་པས་ཟེར་ ག་ལྷོད་ ཚོང་སྒྱུར་འཐབ་པ་ཅིན་ གྱོང་རྒུད་སྦོམ་ཕོག་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
གླིང་བཞི་རྒཔོ་གིས་ འབད་བ་ཅིན་ སྤྱི་ལོ་༢༠༠༤ ལུ་ མི་དབང་འབྲུག་རྒྱལ་༤ པ་ དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ མི་སེར་གྱི་སྐྱིད་སྡུག་ལུ་དགོངས་ཏེ་ དབྱར་རྩྭ་དགུན་འབུབ་ འཐུ་ཆོག་པའི་ གནང་བ་གནང་ཞིནམ་ལས་ཚུར་ མི་སྡེའི་དཔལ་འབྱོར་གོང་འཕེལ་དང་ དབུལ་ཕོངས་ཀྱི་དཀའ་ངལ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ བསལ་ཚུགས་ཅི་ཟེར་ཨིན་པས།
ཨིན་རུང་ དབྱར་རྩྭ་དགུན་འབུབ་དེ་ གཏན་འཇགས་གནས་ཚུགས་པའི་ རིགས་སྣ་ཅིག་མེནམ་ལས་ སྨན་ལྗོངས་གསོ་རིག་སྨན་བཟོ་ལས་འཛིན་གྱི་དང་ ནགས་ཚལ་གླིང་ཀའི་ལས་བྱེདཔ་ཚུ་གིས་ རྒྱལ་ཁབ་ནང་ སྨན་རིགས་༡,༠༠༠ ཡོད་ས་ལས་༣༠༠ དེ་ཅིག་ ལག་ལེན་འཐབ་བཞིན་དུ་ ཡོད་པའི་གྲས་ཁར་ གླིང་བཞི་ལས་ ད་ལྟོ་ཚུན་ སྔོ་སྨན་༣༦ ངོས་འཛིན་འབད་ཡོདཔ་ལས་ འདི་ལུ་མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་དགོཔ་གལ་ཆེ་ཟེར་ཨིན་པས།
ཚོགས་པའི་གན་ཡིག་ལུ་བརྟེན་ མི་སེར་ཚུ་གིས་ སྤྲོ་བ་ལེན་ནི་དང་ ས་མཚམས་ཁ་ལས་ཕར་ སྐྱེས་མི་སྔོ་སྨན་ཚུ་སྲུང་ནི་དང་ རང་དབང་སྲུང་སྐྱོབ་འབད་ནི་ལུ་ ཁེ་ཕན་འདུག་ཟེར་ཨིན་པས།
སྐྱེས་ལོ་༦༡ ལང་མི་ ཨྱོན་བསྟན་འཛིན་གྱིས་ སླབ་མིའི་ནང་ དང་ཕུ་ཕ་མའི་སྐབས་ལས་ར་ རྩྭ་འབྲོག་དང་ ལ་མཐོ་ས་ལས་ཕར་ སྔོ་སྨན་རིགས་ལེ་ཤ་ཡོདཔ་ལས་ སྔོ་སྨན་རིགས་ཚུ་ ལག་ལེན་འཐབ་མི་དེ་ བར་སྐབས་ཅིག་ལས་ མི་སེར་ཚུ་གིས་ སྤྲོ་བ་བསྐྱེད་མ་བཏུབ་པར་ བཤོལ་བཞག་འབད་ཡི་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་ འཆར་གཞི་དང་ ལས་རིམ་གསརཔ་བརྩམས་མི་དེ་གིས་ སྔོ་སྨན་བདག་འཛིན་འཐབ་ནི་ དང་ ཁྲིམས་འགལ་ཐོག་ལས་ ཚོང་སྒྱུར་འབད་ནི་ཚུ་ མར་ཕབ་འབད་ཚུགས་པའི་ ཁེ་ཕན་འདུག་ཟེར་ཨིན་པས།
གླིང་བཞི་རྒེད་འོག་ནང་ གུང་པ་༨༢ ཀྱིས་ ཚེ་རིམ་གཡུས་རྒྱལ་ཚོགས་པའི་འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོདཔ་ད་ ད་ལས་ཕར་ སྔོ་སྨན་ཚུ་ འཐུས་མི་ཚུ་གིས་ བསྡུ་བསྒྱོམ་འབད་དེ་་ སྨན་ལྗོངས་གསོ་རིག་སྨན་བཟོ་ཁང་ལུ་ བྱིན་དགོཔ་ཨིན་པས།
སྨན་བསྡུ་བསྒྱོམ་འབད་ཞིནམ་ལས་ གི་རིན་ཁང་མིག་ནང་སྦེ་ བསྐམ་ཞིནམ་ལས་ དོས་བཟོ་སྟེ་ ཐིམ་ཕུག་ལུ་ སྨན་བཟོ་བར་གཏང་ནི་དང་ འོང་འབབ་བཟོ་མི་ལས་ བརྒྱ་ཆ་༥ མི་སེར་ཚུ་ལུ་ བྱིན་ནི་ཨིན་པས།
ད་རེས་ ལས་འཛིན་གྱིས་ ཐབས་ཤེས་བཏོན་མི་དེ་གིས་ མ་འོངས་པའི་ མི་སེར་ཚུ་གི་དོན་ལུ་ གཏན་འཇགས་སྦེ་ ཁེ་ཕན་སྤྱོད་ཚུགས་ནི་མས་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་ལུ་ སྨན་རིགས་ངོས་འཛིན་འབད་ནིའི་ སྦྱོང་བརྡར་དང་ སྔོ་སྨན་དེ་གིས་ སྨན་རིགས་ག་ཅི་བཟོ་དོ་ག་གི་སྐོར་ལས་ དུས་ཐུང་གློག་བརྙན་ཐོག་ལས་ གསལ་སྟོན་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས་དང་ བདེ་ཆེན་མཚོ་མོ། གླིང་བཞི།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *