ས་ཐོག་རྒྱུ་ཆས་བསྡུ་བསྒྱོམ་དང་ ཆུ་གཤམ་སེལ་ནིའི་ལཱ་ཚུ་ འཕྲོ་མཐུད་འབད་ཆོག་ནི།

༉ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་ལས་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ བཀའ་རྒྱ་བཏོན་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་འཁོད་ལུ་ ས་ཁོངས་བགོ་སྤྲོད་ཐོག་ ས་ཐོག་རྒྱུ་ཆས་བསྡུ་བསྒྱོམ་དང་ ཆུ་གཤམ་སེལ་ནིའི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་ཆོག་ཟེར་ཨིན་པས།
བཀའ་རྒྱ་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༨ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ཞལ་འཛོམས་ ཐེངས་༣༠ པ་འཚོགས་པའི་སྐབས་ ལཱ་ཚུ་འཕྲོ་མཐུད་དེ་ འབད་བཅུག་ནི་གི་ གྲོས་ཐག་བཅད་མི་དང་འཁྲིལ་ཨིན་པས།
བཀའ་རྒྱ་གསརཔ་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༢༧ ལུ་ ལྷན་རྒྱས་གཞུང་ཚོགས་ལས་ བཀའ་རྒྱ་བཏོན་མི་དེ་ ཆ་མེད་འགྱོཝ་ཨིན་པས།
དེ་བསྒང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ལུ་ ས་ཐོག་གི་རྒྱུ་ཆས་ བྱེམ་དང་ རྡོ་ཚུ་ བསྡུ་བསྒྱོམ་འབད་ནི་དང་ ཆུ་གཤམ་སེལ་ནིའི་ ལས་སྣ་ཚུ་གི་ གནང་བ་གསརཔ་སྤྲོད་ནི་དང་ བསྐྱར་གསོ་འབད་ནི་ཚུ་ མཚམས་འཇོག་་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དེ་མ་ཚད་ ལྷན་ཁག་གིས་ འདི་བཟུམ་མའི་ བསྡུ་བསྒྱོམ་དང་ གཙང་ཆུའི་མཐའ་མ་ལས་ རྡོ་བཏོན་ནི་ཚུ་ ཡར་སེང་འབད་ནི་མེདཔ་དང་ གསོག་འཇོག་འབད་བཞག་མི་ རྒྱུ་ཆས་ཚུ་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༣༡ གི་ནང་འཁོད་ལུ་ བཙོང་ཚར་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་བཟུམ་མའི་ གྲོས་ཆོད་བཏོན་མི་དེ་ཡང་ ས་ཐོག་རྒྱུ་ཆས་བསྡུ་བསྒྱོམ་དང་ ཆུ་གཤམ་སེལ་ཐོག་ལས་ རྡོ་བཏོན་ནིའི་ ཁྲིམས་ལུགས་ཚུ་ བསྐྱར་ཞིབ་དང་ ཁྲིམས་གཅིག་མཚུངས་བཟོ་ཐབས་ལུ་ཨིནམ་ད་ སྤྱི་ལོ་༢༠༡༨ ཟླ་༡༢ པའི་ཚེས་༢༧ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བྱེམ་དང་རྡོ་བསྡུ་བསྒྱོམ་དང་འབྲེལ་བའི་ གནད་དོན་ཚུ་ལུ་ བརྟག་ཞིབ་མཐིལ་ཕྱིན་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
ད་རུང་ བཀའ་རྒྱ་གསརཔ་དེ་གིས་ སྤྱི་ཟླ་༦ པའི་ཚེས་༦ ལུ་ བསྟར་སྤྱོད་འབད་ནི་ འགོ་བཙུགས་མི་ ས་ཐོག་རྒྱུ་ཆས་དང་ གཙང་ཆུའི་མཐའ་མ་ལས་བཏོན་མི་ རྡོ་ཕྱིར་ཚོང་འཐབ་ནིའི་ གནས་སྐབས་ཀྱི་ ལམ་སྟོན་༢༠༡༩ ཅན་མ་དེ་ཡང་ ཆ་མེད་འགྱོཝ་ཨིན་པས།
ལམ་སྟོན་ལག་ལེན་འཐབ་ནི་ འགོ་བཙུགས་པའི་ཤུལ་ལས་ ཆུ་གཤམ་ལས་ རྡོ་བཏོན་མི་ ཚོང་སྡེ་ཚུ་གིས་ ལམ་སྟོན་བཟོཝ་ད་ གཞུང་གིས་ ཁོང་དང་གཅིག་ཁར་ གྲོས་སྟོན་མ་གནང་ཟེར་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ལས་སྟོན་དེ་གི་ལེའུ་༢ པའི་དོན་ཚན་༡༡ པའི་ དགོངས་དོན་ལུ་བལྟ་སྟེ་ ཆུ་གཤམ་སེལ་ནི་དང་ གཙང་ཆུའི་མཐའ་མ་ལས་ རྡོ་བཏོན་མི་ཚུ་ལུ་ ཚ་གྱང་ལང་དགོཔ་ བྱུང་མི་དེ་ཡང་ དོན་ཚན་དེ་ནང་ ས་ཐོག་རྒྱུ་ཆས་བསྡུ་བསྒྱོམ་ ཡང་ཅིན་ ཆུ་གཤམ་ལས་ རྡོ་བཏོན་ནི་ཚུ་ གཙང་ཆུའི་མཐའ་མར་ ས་སྐམ་རྡོ་སྐམ་སྐབས་དང་ ཡང་ཅིན་ དུས་ཚོད་དང་འཁྲིལ་བབས་མི་ གཙང་ཆུའི་མཐའ་མ་ལས་མ་གཏོགས་ དུས་རྒྱུན་དུ་བབས་མི་ གཙང་ཆུའི་མཐའ་མ་ལས་ བསྡུ་བསྒྱོམ་འབད་མི་ཆོག་ཟེར་ བཀོད་དེ་ཡོད་མི་ལུ་བརྟེན་ཨིན་པས།
དུས་རྒྱུན་དུ་བབས་མི་ གཙང་ཆུ་ཚུ་གི་མཐའ་མ་ལས་ རྡོ་བཏོན་གྱི་ ལཱ་འབད་མ་ཆོག་པ་ཅིན་ ཆུ་གཤམ་སེལ་གྱི་ དམིགས་དོན་དེ་ར་ ཁུངས་མེད་བཟོ་ནུག་ཟེར་ ཁག་འབག་ལས་སྡེ་ཚུ་གིས་ བཤད་ཡོདཔ་ད་ ཆུ་གཤམ་སེལ་ནི་གི་ ལཱ་བྱིན་མི་དེ་ར་ གཙང་ཆུ་བྲེས་ཏེ་ ཆུ་རུད་ཐོནམ་ད་ ཉེན་བཀག་འབད་ནི་དང་ ས་ཁོངས་དེ་ནང་ཡོད་མི་ མི་མང་དང་ སྒེར་གྱི་རྒྱུ་དངོས་ཚུ་ ཉེན་སྐྱོབ་འབད་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཡིག་ཚང་གི་ བཀའ་རྒྱ་གསརཔ་ནང་ ས་ཐོག་རྒྱུ་ཆས་བསྡུ་བསྒྱོམ་དང་ ཆུ་གཤམ་སེལ་ནིའི་ལཱ་ཚུ་ འཕྲོ་མཐུད་འབད་ཆོགཔ་དང་གཅིག་ཁར་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ ཉོགས་མེད་གནང་བ་ཚུ་ བསྐྱར་གསོའི་གནང་བ་སྤྲོད་ཆོག་ཟེར་བཀོད་ནུག།
དེ་ལས་ ས་ཁོངས་གསརཔ་ འོས་འབབ་དང་འཁྲིལ་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ ཞུ་ཡིག་གསརཔ་བཙུགས་མི་ཚུ་ལུ་ བརྟག་ཞིབ་འབད་ཞིནམ་ལས་ བགོ་སྤྲོད་འབད་ནི་ཨིན་པས།
ས་ཐོག་རྒྱུ་ཆས་བསྡུ་བསྒྱོམ་དང་ ཆུ་གཤམ་སེལ་ནིའི་དོན་ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ལས་ ཐམའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་གནང་བ་ ལོགས་སུ་སྦེ་ ལེན་དགོ་མི་དེ་ཡང་ ཕྱིར་བཏོན་འབད་མི་དེ་ཡང་ འདི་བཟུམ་མའི་ གནང་བ་སྤྲོད་ནིའི་ ཚད་ལྡན་དབང་འཛིན་དེ་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཨིན་མི་ལུ་བརྟེན་ཨིན་ཟེར་ བཀའ་རྒྱ་ནང་བཀོད་ནུག།
ད་རུང་ ཞུ་ཡིག་བཙུགས་མི་ཚུ་ལུ་ ནགས་ཚལ་གྱི་ ཉོགས་མེད་ཡི་གུ་སྤྲོདཔ་ད་ གཏེར་ཁ་དང་ ས་གཏེར་དཔྱད་ཡིག་དེ་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་སྟེ་ བསྟར་སྤྱོད་འབད་ནི་ འགོ་མ་བཙུགས་ཚུན་ཚོད་ ཆ་གནས་ཡོདཔ་སྦེ་ བཀོད་དགོ་ཟེར་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་རྒྱ་ནང་ བཀོད་ཡོད་པའི་གནས་ཚུལ།

 

རིག་འཛིན་དབང་ཕྱུག།

 

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *