ས་གནས་གཞུང་གི་ ཚོགས་རིམ་གྱི་བྱ་སྒོའི་ལམ་སྟོན་ འགོ་འབྱེད་འབད་བའི་བསྒང་།

ས་གནས་གཞུང་གི་ ཚོགས་རིམ་གྱི་བྱ་སྒོའི་ལམ་སྟོན་ འགོ་འབྱེད་འབད་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་འོག་གི་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ ས་གནས་གཞུང་སྐྱོང་གི་ འགན་འཁྲི་ཚུ་ རྩ་བརྟན་དང་ སྒྲིང་སྒྲི་འབག་ཚུགས་ནི་དང་ གཞུང་དང་ ལས་སྡེ་ཁག་ཚུ་གིས་ ངོས་ལེན་འབད་ཐབས་ལུ་ བྱ་སྒོའི་ལམ་སྟོན་ཅིག་ འགོ་འབྱེད་འབད་ཡི།

དེ་ཡང་ ས་གནས་གཞུང་གི་ཚོགས་རིམ་ཚུ་ འཇོན་ཐངས་ཅན་དང་ དོན་སྨིན་ཅན་སྦེ་ འགོ་འདྲེན་འཐབ་ཚུགས་ཐབས་ལུ་ སྒྲིག་བཀོད་འབད་ཡོདཔ་ད་ ས་གནས་གཞུང་གི་བཅའ་ཁྲིམས་༢༠༠༩ ཅན་མ་དང་ འཕྲི་སྣོན་བཅའ་ཁྲིམས་༢༠༡༤ ཅན་མ་ དེ་ལས་ ས་གནས་གཞུང་གི་བཅའ་ཡིག་དང་ སྒྲིག་གཞི་༢༠༡༢ ཅན་མའི་ འབྲེལ་ཡོད་དོན་ཚན་ཚུ་ལུ་ གཞི་བཞག་ཐོག་ལས་ བརྩམས་ཡོདཔ་ཨིན་པས།

ལས་རིམ་གཙོ་འཛིན་འགོ་དཔོན་ སྨོན་ལམ་བཟང་པོ་གིས་ སླབ་མིའི་ནང་ དང་པ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ཚོགས་སྡེའི་ཞལ་འཛོམས་འཚོགས་པའི་སྐབས་ གྲོས་བསྡུར་དང་ གསུང་གྲོས་གནང་ཐངས་ གཉིས་པ་ གཞུང་སྐྱོང་གི་ལམ་ལུགས་ནང་ མི་སེར་ག་ར་ བཅའ་མར་གཏོགས་བཅུག་དགོཔ་ གསུམ་པ་ སྒྲིག་ལམ་རྣམ་གཞག་འབྲེལ་མཐུན་ཐོག་ལས་ ཞལ་འཛོམས་འཚོགས་ནི་ བཞི་པ་ ཚོགས་ཞུགས་ལས་རིམ་ནང་ འབད་ཐངས་བཅའ་ཐངས་ཚུ་ འཛིན་སྐྱོང་སྒྲིང་སྒྲི་འཐབ་ནིའི་དོན་ལུ་ བྱ་སྒོའི་རིམ་ལུགས་ནང་ ཚུད་དེ་ཡོད་ཟེར་ཨིན་པས།

ཚོགས་ཞུགས་ལས་རིམ་ནང་ གསུང་གྲོས་གནང་ནིའི་དོན་ལུ་ ངག་ཐོག་ལུ་མེན་པར་ ཡིག་ཐོག་གུ་ལས་ གྲོས་གཞི་སྦེ་བཙུགས་ཐངས་དང་ འགན་འཛིན་པ་ཚུ་གིས་ རང་སོའི་ འགན་འཁྲི་རྩ་བརྟན་འབག་དགོཔ་ ཚོགས་རིམ་ལས་ གྲོས་ཐག་བཅད་མི་དང་ གསུང་གྲོས་གནང་མི་ཚུ་ ཡིག་ཐོག་གུ་བཀོད་དགོ་པའི་སྐོར་ལས་ ཚུད་དེ་འདུག།

ལས་རིམ་གཙོ་འཛིན་འགོ་དཔོན་ སྨོན་ལམ་བཟང་པོ་གིས་ སླབ་མིའི་ནང་ ས་གནས་གཞུང་སྐྱོང་གིས་ གྲོས་ཐག་བཅད་དེ་ གཞུང་ལྟེ་བ་དང་ ལས་སྡེ་དང་ ལྷན་ཁག་ཚུ་ནང་ གྲོས་གཞི་སྦེ་ཕུལ་མི་ཚུ་ ངོས་ལེན་མེད་པར་བཞག་མི་དེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ གདོང་ལེན་ཐོན་ཡོདཔ་སྦེ་ ཞིབ་འཚོལ་འབད་བའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ལས་ བྱ་སྒོའི་རིམ་པ་གིས་ དཀའ་ངལ་ཚུ་ བསལ་ཚུགས་པའི་དམིགས་གཏད་ ཨིན་ཟེར་ཨིན་པས།

ས་གནས་གཞུང་སྐྱོང་ལས་ གྲོས་གཞི་སྦེ་ གཞུང་ལུ་ཕུལ་མི་དེ་ ངོས་ལེན་མཛད་ཐབས་ལུ་ བྱ་སྒོའི་རིམ་ལུགས་ནང་ སྒྲིག་བཀོད་དང་ དུས་ཚོད་བཟོ་ཡོད་མི་དེ་ བསྟར་སྤྱོད་འབད་དགོཔ་ཨིན་ཟེར་ཨིན་པས།

ས་གནས་གཞུང་གིས་ ཞལ་འཛོམས་འཚོགས་ཏེ་ གྲོས་ཐག་བཅད་དེ་ གཞུང་དང་ ལས་སྡེ་ཁག་ཚུ་ནང་ ཕུལ་མི་དེ་ གཞན་དལ་གཞི་ ངོས་ལེན་འབད་དགོཔ་ཨིན་རུང་ ཕྱོགས་གཉིས་ཆ་རའི་ནང་ དཀའ་ངལ་ཅིག་འདུག་ཟེར་ཨིནམ་ད་ དེ་ཡང་ ས་གནས་གཞུང་ལས་ གྲོས་གཞི་ཕུལ་མིའི་ནང་ གནས་སྡུད་མ་ཚང་དང་ གནད་དོན་ཧིང་སངས་སང་བཀོད་མ་ཚུགསཔ་ དཀའ་ངལ་ཚུ་ བཀོད་མ་ཚུགས་པར་ལུས་ཡོདཔ་ལས་ ངོས་ལེན་མ་མཛད་པས་ཟེར་ བཤདཔ་ཨིན་པས།

ས་གནས་གཞུང་གི་ བྱ་སྒོའི་རིམ་པ་ཚུ་ ད་ལྟོ་ གནས་བཞིན་ཡོད་པའི་ཁྲིམས་ལེགས་ཚུའི་ དམིགས་གཏད་དང་ ཚོགས་རིམ་འཚོགས་པའི་སྐབས་ གྲོས་གཞི་བསྡུ་སྒྲིག་དང་ ཞལ་འཛོམས་འབད་ཐངས་ རིམ་སྒྲིག་ཚུ་ ལམ་སྟོན་ནང་ ས་གནས་གཞུང་གི་འཐུས་མི་དང་ འགོ་དཔོན་ཚུ་གིས་ འབྲེལ་གཏུགས་འབད་ནིའི་དོན་ལུ་ དམིགས་བསལ་དུ་བཟོ་ནུག།

ལམ་སྟོན་དེ་གིས་ ས་གནས་གཞུང་གི་བཅའ་ཡིག་དང་ སྒྲིག་གཞི་༢༠༡༢ ཅན་མའི་ སོར་ཚབ་མི་འབད་ནི་ཨིན་རུང་ སྒྲིག་གཞི་༢༠༡༢ ཅན་མའི་ནང་ བཀོད་མ་ཚུགས་མི་ ཁྲོམ་སྡེ་ཚོགས་སྡེ་དང་ འབྲེལ་བའི་དོན་ཚན་ཚུ་ ཁ་སྐོང་སྦེ་ཚུད་དེ་འདུག།

ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ གྲོས་བསྟུན་ཐོག་ལས་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་འོག་གི་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ ལམ་སྟོན་ཚུ་ ལོ་བསྟར་བཞིན་དུ་ བསྐྱར་ཞིབ་འབད་ནི་ཡོདཔ་ ངེས་བརྟན་བཟོ་དགོ་ཟེར་ཨིན་པས།

ས་གནས་གཞུང་སྐྱོང་ལས་ཁུངས་ལས་ ལས་རིམ་གཙོ་འཛིན་འགོ་དཔོན་སྨོན་ལམ་བཟང་པོ་གིས་ སླབ་མིའི་ནང་ ས་གནས་གཞུང་གི་ཚོགས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཡོད་རུང་ ད་ལྟོ་ཚུན་ བྱ་སྒོའི་རིམ་པ་མེདཔ་ལས་ དཀའ་སྡུག་བྱུང་མི་དེ་ ལམ་སྟོན་ཡིག་དེབ་དེ་ལུ་བརྟེན་ཏེ་ དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པས།

གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ས་གནས་གཞུང་གི་ གཙུག་སྡེ་ཚུ་ སྒྲིང་སྒྲི་བཟོ་ནི་ལུ་ ས་གནས་གཞུང་གི་བཅའ་ཁྲིམས་དང་ བཅའ་ཡིག་ དེ་ལས་ སྒྲིག་གཞི་༢ ལྷན་ཐབས་འབད་དེ་ གྲོས་ཆོད་ཚུ་ རྗེས་ཞིབ་འབད་ནི་དང་ ས་གནས་གཞུང་གི་གནས་རིམ་སོ་སོར་ལུ་ ལམ་སྟོན་བྱིན་ནི་དང་ གསལ་ཏོག་ཏོ་བཟོཝ་ཨིན་ཟེར་ཨིན་པས།

བྱ་སྒོའི་ལམ་སྟོན་དེ་ཡང་ ས་གནས་གཞུང་གི་འཐུས་མི་དང་ འགོ་དཔོན་ཚུ་ གྲོས་ཐག་བཅད་ནི་ལུ་ ལག་ཆ་ཅིག་སྦེ་ ཕན་ཐོགས་འབྱུང་ནི་དང་ ཡིག་ཆ་དེ་ནང་ ངོ་འཛོམས་དང་ གྲལ་གཏོགས་ གྲོས་ཐག་གཅད་ནི་ བསྟར་སྤྱོད་འབད་ནིའི་ལམ་ལུགས་དང་ ལམ་སྟོན་སྦེ་ ཚུད་ཡོདཔ་ལས་ འོས་ལྡན་གྱི་གཞུང་སྐྱོང་ ངེས་བརྟན་བཟོ་ཐབས་ལུ་ འབད་སྲོལ་བཟང་པོ་ཚུ་ གཙོ་བོར་བཏོན་ཡོདཔ་སྦེ་ བཀོད་ནུག།

ལམ་སྟོན་དེ་ རྫོང་ཁག་༢༠ དང་ རྒེད་འོག་༢༠༥ དེ་ལས་ ཁྲོམ་སྡེ་༤ ནང་ ས་གནས་གཞུང་༢ པའི་ གནས་ཡུན་མཇུག་ཚུན་ཚོད་ མོ་བཏབ་འབད་ནི་དང་ མོ་བཏབ་འབད་བའི་སྐབས་ ས་གནས་གཞུང་ཚུ་ལས་ ད་ལྟོ་ཡོད་མི་ལས་ ཡར་དྲག་གཏང་ནི་དང་ ལེགས་བཅོས་འབད་ནིའི་དོན་ལུ་ བསམ་ལན་དང་ དོགས་པ་ཚུ་ ལེན་ནི་ཨིནམ་མ་ཚད་ ཉམས་མྱོང་ལུ་ གཞི་བཞག་སྟེ་ ས་གནས་གཞུང་༣ པ་ལས་ བསྟར་སྤྱོད་ངོ་མ་འབད་ནིའི་གུ་ ཤུགས་བཏོན་ནི་ཨིན་ཟེར་ ལས་རིམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཚོགས་རིམ་བྱ་སྒོའི་ལམ་སྟོན་དེ་ ཧེལ་བི་ཊསི་ སུ་ཡིཛ་ ནང་འཁོད་མཉམ་འབྲེལ་ལས་སྡེ་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བརྩམས་ཡོདཔ་ཨིན་པས།

ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་དོན་ལུ་ ས་གནས་གཞུང་གི་བཅའ་ཁྲིམས་དང་ སྒྲིག་གཞི་ བཅའ་ཡིག་ཚུ་ཡོད་རུང་ བྱ་སྒོའི་རིམ་པ་ ཧིང་སངས་ས་མེད་མི་དེ་ ཧ་ལམ་ དོན་ཚན་༡༣ དེ་ཅིག་ གསར་བརྩམས་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *