བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ས་གནས་གཞུང་གི་ བཅའ་ཁྲིམས་དང་འབྲེལ་བའི་གནད་དོན་ཐོག་ལུ་ གསལ་བཤད་གནང་པའི་བསྒང་།

ས་གནས་གཞུང་གི་བཅའ་ཁྲིམས་ འཕྲི་སྣོན་མཛད་དགོཔ།

༉ རྫོང་ཁག་༢༠ གི་ རྫོང་བདག་མང་ཤོས་ཅིག་གིས་ འཆར་གཞི་དང་འཁྲིལ་ཏེ་ ཕྱག་ལཱ་གནངམ་ད་ ས་གནས་གཞུང་གི་བཅའ་ཁྲིམས་དེ་ སྟབས་མ་བདེཝ་འབྱུང་ནི་དེ་གིས་ འཕྲི་སྣོན་མཛད་དགོཔ་ ངེས་བདེན་འདུག་ཟེར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་ལུ་ ཞུ་ཡི།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༥ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་ རྫོང་ཁག་༢༠ གི་ རྫོང་བདག་ཚུ་གི་བར་ན་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་ཆིངས་ཡིག་གུ་ མཚན་རྟགས་བཀལ་པའི་ཤུལ་ལས་ དྲི་བཀོད་ལས་རིམ་ནང་ གསུང་གྲོས་བྱུང་ཡི།
བཀྲིས་སྒང་རྫོང་བདག་གིས་ བློན་ཆེན་ལུ་ ཞུ་མིའི་ནང་ འཆར་གཞི་༡༢ པའི་ནང་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ལས་སྣ་གོང་འཕེལ་སོང་ཡོད་རུང་ རྫོང་ཁག་ནང་ བཟོ་རིག་འགོ་དཔོན་གྱི་ མི་སྟོབས་མ་ལང་པའི་དཀའ་ངལ་ཡོདཔ་ལས་ ལཱ་དང་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ལུ་ གདོང་ལེན་བྱུང་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
ས་གནས་གཞུང་གི་ བཅའ་ཁྲིམས་ནང་འབད་བ་ཅིན་ རྒེད་འོག་རེ་ནང་ བཟོ་རིག་འགོ་དཔོན་རེ་དང་ རྩིས་དྲུང་རེ་ གཏང་དགོཔ་བཞིན་དུ་ རྫོང་ཁག་གིས་ རྒེད་འོག་ནང་ རྩིས་དྲུང་༡ བཏང་ཡོད་རུང་ ལཱ་མེད་པར་སྡོད་ཡོདཔ་ལས་ ལོག་རྫོང་ཁག་ནང་ འབོ་ཡི་ཟེར་ཨིན་པས།
རྒེད་འོག་གིས་ བཟོ་རིག་འགོ་དཔོན་ཚུ་ཡང་ དགོཔ་སྦེ་ཡོད་རུང་ རྫོང་ཁག་ནང་ མི་སྟོབས་ཀྱི་དཀའ་ངལ་ཡོདཔ་ལས་ གཏང་མ་ཚུགས་པའི་སྐོར་ལས་དང་ ད་རེས་ བཟོ་རིག་འགོ་དཔོན་ཚུ་ རྫོང་ཁག་ནང་བཞག་སྟེ་ ཁྱིམ་བཟོ་སྐྲུན་འབད་ནི་དང་ བཟོ་བཀོད་འབད་ནི་ལ་སོགས་པའི་ལཱ་ཚུ་ རྒེད་འོག་ཚུ་ནང་ རྒྱབ་སྐྱོར་ཕུལ་ཡོད་རུང་ རྒཔོ་དང་ དམངས་མི་ཚུ་གིས་ བཅའ་ཁྲིམས་ལྟར་དུ་ དགོཔ་སྦེ་ཡོད་ཟེར་ ཞུ་ཡི།
རྒེད་འོག་གི་ མ་དངུལ་སྤྱོད་ཐངས་ཀྱི་ དབང་ཚད་དང་ སྒྲིག་གཞི་ཚུ་ཡང་ རྫོང་ཁག་ལུ་ཡོད་པ་ཅིན་ མི་སེར་གྱི་ དོན་ལུ་ སྟབས་བདེ་ནི་མས་ཟེར་ཨིནམ་ད་ རྒེད་འོག་གི་རྒཔོ་དང་ དམངས་མི་ ཚོགས་པ་ཚུ་གིས་ དབང་ཚད་བཟུང་སྟེ་ ཚོགས་སྡེ་ནང་ གསུང་གྲོས་གནང་སྟེ་ མདའ་གི་འབའ་སྐྱོར་བཟོ་ནིའི་དོན་ལུ་ ཆ་འཇོག་འབད་དེ་ མ་དངུལ་སྤྱོད་ནི་འདུག་ཟེར་ ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ མ་དངུལ་སྤྱོད་ཐངས་ཀྱི་སྒྲིག་གཞི་ནང་ རྒེད་འོག་ནང་ལས་ཕར་ མ་དངུལ་ག་དེ་སྦེ་ སྤྱོད་དགོཔ་ཨིན་ན་དང་ འབའ་སྐྱོར་གྱི་དོན་ལུ་ སྤྱོད་མ་ཆོགཔ་སྦེ་ འཁོད་དེ་ཡོད་ཟེར་ཨིནམ་ད་ གལ་སྲིད་ སྤྱོད་དེ་ཡོད་པ་ཅིན་ རྩིས་ཞིབ་དབང་འཛིན་གྱིས་ འགན་འཁྲི་བཀལ་འོང་ཟེར་ ཨིན་པས།
དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་ནང་ འོས་འབབ་དང་བསྟུན་ ཕྱག་ལཱ་གནང་ནི་དང་ འབད་བཏུབ་དང་མ་བཏུབ་ཚུ་ ག་ཅི་ཡོདཔ་ཨིན་ན་ དབང་ཚད་ཡོད་མི་དང་གཅིག་ཁར་ འགན་ཁུར་ཡང་ ཕོག་སྟེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
རྩི་རང་རྫོང་བདག་གིས་ ཞུ་མིའི་ནང་ རྒེད་འོག་གི་ སྤྱི་འོག་ཚུ་ནང་ ཞལ་འཛོམས་འཚོགས་ནིའི་དོན་ལུ་ སྤྱི་དོན་ཁང་མེདཔ་ད་ འཆར་གཞི་ག་ཅི་ར་བརྩམ་རུང་ ད་རེས་ནངས་པའི་གནས་སྟངས་ནང་ མི་སེར་སོ་ནམ་པ་ཚུ་བརྒྱུད་དེ་ རྒེད་འོག་ནང་ ཕུལ་ཞིནམ་ལས་ རྒེད་འོག་གིས་ རྫོང་ཁག་ཚོགས་འདུ་བརྒྱུད་དེ་ གཞུང་ལྟེ་བ་ལུ་ ཕུལ་དོ་ཟེར་ཨིན་པས།
ཨིན་རུང་ གཞུང་ལྟེ་བའི་ འཆར་གཞི་གི་ གཞི་རྩ་ངོ་མ་དེ་ སྤྱི་འོག་ལས་བརྒྱུད་འོང་དགོཔ་ཨིན་རུང་ ད་རེས་ སྤྱི་འོག་གི་དོན་ལུ་ ཞལ་འཛོམས་འཚོགས་ནིའི་ སྤྱི་དོན་ཁང་མེདཔ་མ་ཚད་ མ་དངུལ་མེད་པའི་ དཀའ་ངལ་ཡོདཔ་ལས་ གཞུང་གིས་ འོས་འབབ་གཟིགས་ཏེ་ མ་དངུལ་གནང་དགོཔ་འདུག་ཟེར་ ཞུ་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ འཆར་གཞི་ཨམ་དེ་ གཞུང་ལྟེ་བ་བརྒྱུད་དེ་ རྫོང་ཁག་དང་ རྒེད་འོག་ དེ་ལས་ སྤྱི་འོག་སྦེ་ འོང་དགོཔ་འདུག་ཟེར་ཨིནམ་ད་ ས་གནས་གཞུང་གི་བཅའ་ཁྲིམས་དང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་དང་འཁྲིལ་ འཆར་གཞི་ཨམ་དེ་ སྤྱི་འོག་བརྒྱུད་དེ་ གཞུང་ལྟེ་བ་ལུ་ འགྱོ་ནི་དེ་ དུམ་གྲ་ཅིག་ སྟབས་མི་བདེ་བས་ཟེར་ ཨིན་པས།
ས་གནས་གཞུང་གི་བཅའ་ཁྲིམས་དང་ དབང་ཚད་ཕྱིར་སྤེལ་གྱི་ལམ་ལུགས་དེ་ མི་རློབས་ཐེར་འབུམ་ལས་བཅད་ དེ་ཡོད་མི་ རྒྱལ་ཁབ་སྦོམ་ཚུ་ནང་ དགོ་མི་དེ་ཨིནམ་ད་ འབྲུག་རྒྱལ་ཁབ་ནང་ རྒེད་འོག་༢༠༥ ལས་བརྒལ་མེདཔ་ལས་ འཆར་གཞི་བརྩམ་ཐངས་ཀྱི་ ལམ་ལུགས་དེ་ མ་འདྲཝ་ཅིག་སྦེ་འོང་དགོཔ་ད་ གལ་སྲིད་ སྤྱི་འོག་ལས་ར་ འཆར་གཞི་ཨམ་ སྒྲིང་སྒྲི་འོང་པ་ཅིན་ རྒྱབ་སྐྱོར་གནང་ནི་ཨིནམ་ལས་ གསུང་གྲོས་གནང་གེ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ས་གནས་གཞུང་ལས་ཁུངས་ལས་ འགོ་དཔོན་ཅིག་གིས་ ཞུ་མིའི་ནང་ རྒེད་འོག་ནང་ གསུང་གྲོས་གནང་ནིའི་དོན་ལུ་ སྤྱི་འོག་ལས་ གྲོས་གཞི་བརྒྱ་ཆ་༧༠ དང་༨༠ དེ་ཅིག་ འོང་དགོཔ་སྦེ་ཡོདཔ་ལས་ སྤྱི་འོག་ཚུ་ནང་ ཞལ་འཛོམས་ཀྱི་དོན་ལུ་ མ་དངུལ་ག་དེམ་ཅིག་ གནས་དོ་ཡོདཔ་ཨིན་ན་ ད་ལྟོ་ ཞིབ་འཚོལ་འབད་བའི་བསྒང་ཡོད་ཟེར་ ཨིན་པས།
དེ་བཟུམ་སྦེ་ རྒེད་འོག་ཚོགས་སྡེ་ནང་ ཆ་འཇོག་གྲུབ་མ་ཚུགས་མི་ཚུ་ རྫོང་ཁག་ཚོགས་འདུ་ནང་ གྲོས་གཞི་སྦེ་ བཙུགས་ཏེ་ གྲོས་བསྟུན་གནང་དགོཔ་ལས་ ད་ལྟོ་ ཞིབ་འཚོལ་ཚུ་ འབད་བའི་བསྒང་ཟེར་ ཞུ་ཡི།
དར་དཀར་ནང་རྫོང་བདག་ ཕུན་ཚོགས་ཆོས་སྒྲོན་གྱིས་ ཞུ་མིའི་ནང་ རྫོང་ཁག་ཚུ་ནང་ བཟོ་རིག་འགོ་དཔོན་༨ མེད་པར་ ཟླཝ་༦ ལྷགཔ་ཅིག་ ལང་ཡོདཔ་ལས་ ད་རེས་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོད་རུང་ ག་དེ་སྦེ་ གྲུབ་ཚུགས་གའི་ ཚ་གྱང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ས་གནས་གཞུང་གི་ བཅའ་ཁྲིམས་ཀྱི་དགོངས་དོན་དང་འཁྲིལ་ རྒེད་འོག་གི་ རྒཔོ་ཚུ་གིས་འབད་བ་ཅིན་ བཅའ་ཁྲིམས་དེ་ ད་ལྟོ་ལས་ར་ ལག་ལེན་འགོ་བཙུགས་དགོཔ་སྦེ་ཨིནམ་ད་ རྫོང་ཁག་བདག་སྐྱོང་གིས་ ཕྱག་ལཱ་གནང་ནི་ལུ་ བྱ་སྟབས་མི་བདེ་བས་ཟེར་ ཞུ་ཡི།
བཅའ་ཁྲིམས་ནང་ དོན་ཚན་ཚུ་ གསལ་སྟོན་འབད་རུང་ ས་གནས་གཞུང་གི་ རྒཔོ་ཚུ་གིས་ འབད་མ་ཚུགས་པ་ཅིན་ བཀོག་བཞག་སྟེ་ ལག་ལེན་འཐབ་མ་བཏུབ་ད་ རྫོང་ཁག་ལུ་ གདོང་ལེན་འདུག་ཟེར་ ཞུ་ཡི།
བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ རྫོང་ཁག་ག་རའི་ནང་ བཟོ་རིག་འགོ་དཔོན་རེ་ གཏང་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་རུང་ རྒེད་འོག་ཚུ་ནང་ ལས་འགུལ་སྦོམ་འཐོན་པ་ཅིན་ རྫོང་བདག་ཚུ་གིས་ ཐབས་ཤེས་བཏོན་ཏེ་ གནས་སྐབས་ཅིག་གི་དོན་ལུ་ བཟོ་རིག་འགོ་དཔོན་གཏང་རུང་ མ་བཏུབ་མེད་ཟེར་ཨིན་པས།
རྫོང་བདག་གི་ ཞལ་འཛོམས་འཚོགས་པའི་སྐབས་ ས་གནས་གཞུང་གི་ བཅའ་ཁྲིམས་དེ་གིས་ ག་དེ་སྦེ་ ཕན་གནོད་ཡོདཔ་ཨིན་ན་ གྲོས་གཞི་སྦེ་ བཙུགས་གནང་དགོ་ཟེར་ གསུངས་ཡི།
ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ དྲུང་ཆེན་གྱིས་ ཞུ་མིའི་ནང་ ས་གནས་གཞུང་གི་བཅའ་ཁྲིམས་དེ་ ས་གནས་གཞུང་ལས་ཁུངས་ཀྱིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་མ་ཚད་ དབང་ཚད་ཕྱིར་སྤེལ་གྱི་ སྲིད་བྱུས་དེ་ཡང་ ཟིན་བྲིས་བཏབ་ཚར་ཏེ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ཡི་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ས་གནས་གཞུང་ནང་ རྫོང་བདག་གི་ འགན་ཁུར་ག་ཅི་ཨིན་ན?

༉ ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་འབད་མི་ལུ་བརྟེན་ རྫོང་བདག་གམ་ རྫོང་ཁག་བཀོད་ཁྱབ་གཙོ་འཛིན་གྱི་ འགན་ཁུར་དེ་ བསྐྱར་འགྲེལ་ཐོག་ གསལ་རིལ་རི་སྦེ་བཟོ་དགོ་པའི་ དགོས་མཁོ་བྱུང་སྟེ་ཡོདཔ་ཨིན་པས། རྫོང་བདག་གི་ འགན་འཁྲི་དང་ དབང་ཚད་ཕྱིར་སྤེལ་བྱ་སྒོའི་ རིམ་པ་ཚུ་ དབྱེ་དཔྱད་འབད་ནིའི་དོན་ལུ་ བློན་ཆེན་ཌོག་ཊར་ …

Leave a Reply

Your email address will not be published. Required fields are marked *