ས་གཏེར་དང་ གཏེར་ཁའི་དཔྱད་ཡིག་ འཕྲལ་མཁོ་དཔྱད་ཡིག་སྦེ་ མོས་མཐུན་བྱུང་མ་ཚུགསཔ།

༉ ས་གཏེར་དང་ གཏེར་ཁའི་ལས་སྡེ་ནང་ གནད་དོན་མང་རབས་ཅིག་ འཕྲལ་མགྱོགས་ར་ སེལ་དགོཔ་ཡོད་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་འདུའི་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ ས་གཏེར་དང་ གཏེར་ཁའི་དཔྱད་ཡིག་༢༠༡༩ ཅན་མ་དེ་ གནམ་དགུན་གྱི་ སྤྱི་ཚོགས་ནང་ འཕྲལ་མཁོ་དཔྱད་ཡིག་སྦེ་ བཙུགས་ནི་གི་ རྩ་འགེངས་མི་དེ་ མཐར་འཁྱོལ་བྱུང་མ་ཚུགས་པས།
དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གཉིས་ཀྱིས་ གསུང་གྲོས་མཐིལ་ཕྱིན་གནང་པའི་ཤུལ་ལུ་ འཕྲལ་མཁོ་དཔྱད་ཡིག་སྦེ་ བཙུགས་ནི་ལུ་ ཁྱད་ཚད་མ་ཚང་མི་ལུ་བརྟེན་ གསལ་བསྒྲགས་འབད་ཐབས་ མ་བྱུངམ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ དཔྱད་ཡིག་གི་དོན་ལུ་ སྤྱི་ཚོགས་ནང་ དུས་ཚོད་ལངམ་སྦེ་ དགོ་ནི་མས་ཟེར་ཨིནམ་ད་ འཕྲལ་མཁོ་དཔྱད་ཡིག་སྦེ་ བཙུགས་པ་ཅིན་ ཚོགས་ཁང་གོང་འོག་༢ ཆ་ར་གིས་ ངོས་ལེན་འབད་བའི་ཁར་ ཚོགས་བཞུགས་དེ་ནང་ར་ ཆ་འཇོག་འབད་དགོཔ་ཨིན་པས།
བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ བཤད་མིའི་ནང་ ས་གཏེར་དང་ གཏེར་ཁ་ལས་སྡེ་ནང་ གནད་དོན་ཚུ་ འཕྲལ་མགྱོགས་ར་ སེལ་ཐབས་འབད་དགོ་པའི་ཁར་ དཔྱད་ཡིག་དེ་ འདས་པའི་ཚོགས་ཐེངས་ནང་ ངོ་སྤྲོད་འབད་ཡོདཔ་ལས་ འཕྲལ་མཁོ་དཔྱད་ཡིག་སྦེ་ ངོས་ལེན་འགྲུབ་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་ འཕྲལ་མཁོ་དཔྱད་ཡིག་སྦེ་ བཙུགས་པ་ཅིན་ ལེགས་ཤོམ་འོང་ཟེར་ བཤད་པའི་ཁར་ གཞུང་དང་ ས་གཏེར་ལས་སྡེ་ཚུ་གི་བར་ན་ ཁག་འབག་གན་ཡིག་བཟོ་མིའི་དུས་ཡུན་ ལ་ལོ་ཅིག་ སྤྱི་ལོ་༢༠༡༩ དང་༢༠༢༠ ལུ་ རྫོགསཔ་མས་ཟེར་ བཤདཔ་ཨིན་པས།
གལ་སྲིད་ སྤྱིར་བཏང་དཔྱད་ཡིག་སྦེ་ གྲོས་བསྡུར་འབད་བ་ཅིན་ ས་གཏེར་དང་ གཏེར་ཁའི་དཔྱད་ཡིག་གསརཔ་དེ་ སྤྱི་ལོ་༢༠༢༠ ལོ་མཇུག་ལུ་ལས་བརྒལ་ ལག་ལེན་འཐབ་མི་ཚུགས་ཟེར་ བསྟན་རྒྱས་བློན་པོ་གིས་ བཤད་པའི་ཁར་ དཔྱད་ཡིག་གསརཔ་དེ་གིས་ གནད་དོན་ལེ་ཤ་ཅིག་ར་ སེལ་དགོཔ་ཡོད་ཟེར་ཨིན་པས།
ད་ལྟོ་ཡོད་མི་ བཅའ་ཁྲིམས་༡༩༩༥ ཅན་མ་དེ་ རྙིངམ་ཐལ་བའི་ཁར་ གནད་དོན་ག་ར་ མ་ཚང་མི་ལུ་བརྟེན་ འདས་པའི་ཚོགས་ཐེངས་ནང་ དཔྱད་ཡིག་དེ་ ངོ་སྤྲོད་འབད་ཡོདཔ་ལས་ འཕྲལ་མཁོ་དཔྱད་ཡིག་སྦེ་ བཙུགས་ནི་གི་ འོས་འབབ་ཡོད་ཟེར་ བཤདཔ་ཨིན་པས།
ཨིན་རུང་ གཞུང་གིས་ འཕྲལ་མཁོ་དཔྱད་ཡིག་སྦེ་ར་ བཙུགས་དགོ་པ་ཅིན་ ཁྲིམས་བཟོའི་བྱ་བའི་གནད་སྤྱོད་༢༠༡༧ ཅན་མ་དེ་ འཕྲི་སྣོན་འབད་དགོཔ་ད་ བྱ་བའི་གནད་སྤྱོད་ནང་ རྒྱལ་ཡོངས་སྲིད་དོན་གྱི་ བདེ་སྲུང་དང་ དཔལ་འབྱོར་གྱི་བདེ་སྲུང་ མི་སྡེའི་བདེ་སྲུང་དང་ རང་བཙན་ལུ་ འཇིགས་སྐུལ་སྔོན་འགོག་ ཡང་ཅིན་ བཟློག་ཐབས་ལུ་ དགོས་མཁོ་འཐོན་པའི་སྐབས་ དཔྱད་ཡིག་དེ་ འཕྲལ་མཁོའི་དཔྱད་ཡིག་སྦེ་ གསལ་བསྒྲགས་འབད་དགོཔ་ཨིན་པས།
དེ་ལས་ འཕྲལ་མཁོ་དཔྱད་ཡིག་དེ་ གཞུང་གི་ཁ་ཐུག་ལས་ སྔོན་དཔྱད་འབད་མ་ཚུགས་པའི་རང་བཞིན་ ཡང་ཅིན་ མི་གི་བྱ་སྤྱོད་ལུ་བརྟེན་ཏེ་བྱུང་བའི་ རྐྱེན་ངན་ཚུའི་འབྱེམ་དང་ ཉམས་རྒུདཔ་ཚུ་ལུ་ དེ་འཕྲོ་ལས་ གདོང་ལེན་འབད་དགོཔ་ འཐོན་པའི་སྐབས་ལུ་ཡང་ གསལ་བསྒྲགས་འབད་ཆོག་ཟེར་ ཁྲིམས་བཟོའི་བྱ་བའི་གནད་སྤྱོད་ནང་བཀོད་ནུག།
ས་གཏེར་དང་ གཏེར་ཁ་ལས་སྡེ་དེ་ འོང་འབབ་དང་ ལཱ་གཡོག་བཟོ་ནི་ལུ་ འོས་འབབ་ཡོད་པའི་ དཔལ་འབྱོར་གྱི་ ནོར་བུ་༥ ཡོད་མི་ལས་༡ ཨིནམ་སྦེ་ ངོས་འཛིན་འབད་དེ་ཡོད་རུང་ གཞུང་གིས་ སྤྱི་ལོ་༢༠༡༣ ལས་ དཔྱད་ཡིག་གསརཔ་ཅིག་ དགོས་མཁོ་ཡོདཔ་ལས་ ས་གཏེར་དང་ གཏེར་ཁ་བཏོན་ས་བཟོ་ནི་གི་ ཆོག་ཐམ་ཚུ་ཡང་ མ་བྱིན་པར་བཞག་ཡོདཔ་ཨིན་པས།
དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་ འཐུས་མི་ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ དཔྱད་ཡིག་དེ་ འཕྲལ་མཁོ་དཔྱད་ཡིག་སྦེ་ རྩ་འགེངས་ཡོད་རུང་ རྒྱལ་ཡོངས་ཚོགས་སྡེ་གིས་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གཏེར་དང་ གཏེར་ཁ་ཚོང་འབྲེལ་འཐབ་ནི་གི་ ཁག་འབག་གནས་ཡུན་ ཕར་འགྱངས་འབད་ནི་ལུ་ གཞུང་གིས་ ཐབས་ཤེས་བཏོན་དགོ་ཟེར་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེ་གིས་ ས་གཏེར་དང་ གཏེར་ཁའི་གནད་དོན་ཚུ་ མང་རབས་ཅིག་ བསྐྱར་ཞིབ་ཐོག་ བཅའ་ཁྲིམས་གསརཔ་བཟོ་དགོ་པའི་ གྲོས་འདེབས་བཀོད་ནུག།
དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ གནམ་བྱཱར་གྱི་ཚོགས་བཞུགས་ནང་ ཆ་འཇོག་གྲུབ་ཡོད་པ་ཅིན་ རྒྱལ་ཡོངས་ཚོགས་སྡེ་གིས་ ཆ་འཇོག་འབད་ནིའི་ གོ་སྐབས་སྡོད་ཡོད་རུང་ དཔྱད་ཡིག་འགོ་འཛིན་པ་ བསྟན་རྒྱས་བློན་པོ་གིས་ སྤྱི་ཚོགས་ནང་ ངོ་སྤྲོད་འབད་བའི་ཤུལ་ལས་ དཔྱད་ཡིག་དེ་ འཚབ་འཚབ་རིལ་རི་སྦེ་ བཟོ་ནི་མི་འོང་ཟེར་སླབ་སྟེ་ ཕར་འགྱངས་འབད་དགོཔ་བྱུང་ནུག།
ཚོགས་ཆུང་གི་ ཁྲི་འཛིན་གྱིས་འབད་བ་ཅིན་ ས་གཏེར་དང་ གཏེར་ཁའི་དཔྱད་ཡིག་སྐོར་ལས་ འབྲེལ་ཡོད་ས་གཏེར་དང་ རྡོ་གཏེར་གྱི་ ཇོ་བདག་ཚུ་དང་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ལས་ ཟླཝ་༢ དེ་ཅིག་ འགོར་ནི་མས་ཟེར་ཨིན་པས།
འབྲེལ་ཡོད་ལས་སྡེ་ཚུ་གིས་ ས་གཏེར་དང་ གཏེར་ཁ་ལས་སྡེ་ གཞུང་གི་འོག་ལུ་ བཞག་དགོ་པའི་ གྲོས་འདེབས་ཕུལ་ཏེ་ཡོདཔ་ད་ འཐུས་མི་༡༣ འབད་མི་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ ས་གཏེར་དང་ གཏེར་ཁ་ལག་ལེན་འཐབ་ནི་གི་ ཐབས་ལམ་ཚུ་ བཟོ་བའི་བསྒང་ཡོདཔ་ཨིན་པས།
དཔྱད་ཡིག་དང་འཁྲིལཝ་ད་ ས་གཏེར་འཛིན་སྐྱོང་དེ་ དོ་འགྲན་བྱ་རིམ་ཐོག་ བགོ་བཀྲམ་འབད་ནི་ ཡང་ཅིན་ གཞུང་དབང་ལས་སྡེ་གིས་ འབད་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *