ཤེས་རིག་གྲོང་ཁྱེར་ལས་འགུལ་ ད་ལྟོའི་བར་ན་ཡང་ ཐག་བཅད་མ་ཚུགས་པར་ཡོདཔ།

༉ ཐིམ་ཕུག་ ཝང་སི་སི་ནང་ལུ་ གཞི་བཙུགས་འབད་མི་ ཤེས་རིག་གྲོང་ཁྱེར་ལས་འགུལ་དེ་ འདས་པའི་གཞུང་གིས་ སྒོ་བསྡམས་ཏེ་ དུས་ཅི་འབདཝ་ད་ ལོ་༤ དེ་ཅིག་ ལང་སོ་རུང་ ལས་འགུལ་དེ་ ག་ཅིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ན་ ད་ལྟོའི་བར་ན་ཡང་ ཐག་བཅད་མ་ཚུགས་པར་ ཡོདཔ་ཨིན་པས།
ལས་འགུལ་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ སའི་བཅའ་ཁྲིམས་༢༠༠༧ ཅན་མའི་ བྱ་རིམ་དང་འཁྲིལ་ཏེ་ མ་འབད་བའི་ ཉོགས་བཤད་ཐོན་ནུག་ཟེར་ སླབ་མི་ལུ་བརྟེན་ འདས་པའི་གཞུང་གིས་ སྤྱི་ལོ་༢༠༡༤ ཟླ་༣ པའི་ནང་ སྒོ་བསྡམས་དགོཔ་བྱུང་ནུག།
ཤེས་རིག་གྲོང་ཁྱེར་གྱི་ ལས་འགུལ་དོན་ལུ་ ས་ཆ་ཨེ་ཀར་༡,༠༠༠ ངོས་འཛིན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ མུ་ཏིག་ཐང་ལུ་ཡོད་པའི་ ལས་འགུལ་ཡིག་ཚང་དང་ གཞི་རྟེན་མཐུན་རྐྱེན་ ཟམ་དང་ གློག་མེ་འཕྲུལ་ཨམ་ལྟེ་བ་ དེ་ལས་ ཀེ་ལོ་མི་ཊར་༤.༢ འབད་མི་ ལས་འགུལ་ལམ་ཚུ་ ལམ་སེལ་ལས་ཁུངས་ལུ་ རྩིས་སྤྲོད་འབད་ནུག།
ཞབས་ཏོག་ལྷན་ཁག་གི་ མདོ་ཆེན་ཡིག་ཚང་གི་ མདོ་ཆེན་དྭགས་ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་བར་ན་ཡང་ ཤེས་རིང་གྲོང་ཁྱེར་ལག་ལེན་འཐབ་ནི་ལུ་ གཞུང་ལས་ བཀོད་རྒྱ་ག་ནི་ཡང་ མ་ལྷོདཔ་ལས་ ས་ཁོངས་དེ་ བསྟར་སྤྱོད་མེད་པར་ ཡུན་འགྱངས་ལུས་སོ་ཡི་ཟེར་ཨིན་པས།
མ་གཞི་ ལས་འགུལ་གྱི་ཅ་ཆས་ཚུ་ ན་ཧིང་ཚུན་ བཟོ་རིག་འགོ་དཔོན་ཅིག་གིས་ བདག་འཛིན་འཐབ་ཡོད་རུང་ ཁོ་ར་ ལཱ་གཡོག་ནང་ལས་ དགོངས་ཞུ་སོང་པའི་ཤུལ་ལས་ སྡེ་ཚན་གྱིས་ བདག་འཛིན་འཐབ་ནི་ འགོ་བཙུགས་ནུག།
མདོ་ཆེན་གྱིས་ སླབ་མིའི་ནང་ མ་གཞི་ ལས་འགུལ་དེ་ ལག་ལེན་འཐབ་ནི་མེདཔ་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩོད་རྙོགས་མང་རབས་ཅིག་ བཏོན་གནང་ནུག་ཟེར་ཨིན་པས།
དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་ གཞུང་གི་སྐབས་ ཤེས་རིག་གྲོང་ཁྱེར་ལས་འགུལ་གྱི་ ཁྲི་འཛིན་དེ་ ཞབས་ཏོག་བློན་པོ་བགྲེསཔ་ རྡོ་རྗེ་ཆོས་སྒྲོན་ཨིནམ་ལས་ མོ་གི་མིང་ཐོ་ཁར་ སྤྱི་ལོ་༢༠༡༥-༡༦ ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ རྩོད་རྙོགས་༣ ཐོན་ཡོདཔ་ད་ ད་རེས་ ལས་འགུལ་གི་དོན་ལུ་ བཀོད་ཚོགས་ཡང་མེད་ཟེར་ དྭགས་ཚེ་རིང་གིས་ བཤད་ཅི།
རྩོད་རྙོགས་ཚུ་ཡང་ ལས་འགུལ་གྱི་ས་ཆ་དེ་ ལག་ལེན་མ་འཐབ་པར་ཡོད་མི་དང་ ཅ་ཆས་ཚུ་ ཁྱིམ་ཅིག་ནང་ ཁང་གླར་བྱིན་ཐོག་ལས་བཞག་མི་ དེ་ལས་ ལས་འགུལ་གྱི་མིང་ཐོ་ཁར་ མ་དངུལ་ཡོད་མི་ཚུ་ཨིན་པས།
གནད་དོན་དེའི་ཐོག་ལུ་ མདོ་ཆེན་གྱིས་ སླབ་མིའི་ནང་ ས་ཆ་ལག་ལེན་ མ་འཐབ་པར་ཡོད་མིའི་ རྩོད་རྙོགས་དེ་ བློན་པོ་བགྲེསཔ་གིས་ དབང་འཛིན་ལུ་ ཁ་གསལ་ཡི་གུ་བཏང་རུང་ གནད་དོན་དེ་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ཡོད་ཟེར་ཨིན་པས།
མདོ་ཆེན་གྱིས་ བཤད་མིའི་ནང་ ད་རེས་ ཅ་ཆས་ཚུ་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ལུ་ རྩིས་སྤྲོད་འབད་བའི་ཁར་ ལས་འགུལ་གྱི་མིང་ཐོ་ཁར་ དངུལ་ཀྲམ་ས་ཡ་༡༢༧ དེ་ཅིག་ ཡོད་མི་ཚུ་ཡང་ དངུལ་རྩིས་ལྷན་ཁག་ལུ་ རྩིས་སྤྲོད་འབད་དེ་ རྩོད་རྙོགས་དེ་ སེལ་ཐབས་འབད་ཡི་ཟེར་ཨིན་པས།
ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ བཤད་མིའི་ནང་ ལས་འགུལ་དེ་ ག་ཅི་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ན་ ཁ་གསལ་མེདཔ་ལས་ བཀོད་ཚོགས་ཡང་ ཆ་མེད་སོང་ཡོདཔ་བཞིན་དུ་ བཀོད་ཚོགས་ཀྱི་ ཁྲི་འཛིན་འབད་ནི་ལུ་ ཁ་བཟེད་མི་ཚུགས་ཟེར་ཨིན་པས།
གནས་ཚུལ་ཞལ་འཛོམས་ཅིག་ནང་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ཤེས་རིག་གྲོང་ཁྱེར་གྱི་ ས་ཁོངས་ནང་ རྒྱལ་ཡོངས་སྨན་ཁང་ གཞི་བཙུགས་འབད་ནི་ལུ་ ངོས་འཛིན་འབད་དེ་ཡོད་ཟེར་ བཤད་ཅི།
ལས་འགུལ་དེ་ རྒྱལ་ཡོངས་བཅའ་ཁྲིམས་བསྐྱར་ཞིབ་ལས་བྱེད་ཚོགས་ཆུང་གིས་ བསྐྱར་ཞིབ་འབདཝ་དང་འབྲེལ་ ཁོང་གིས་ ཤེས་རིག་གྲོང་ཁྱེར་བཅའ་ཡིག་༢༠༡༢ ཅན་མ་དེ་ ཆ་མེད་གཏང་དགོ་པའི་ གྲོས་འདེབས་ཡང་ ཕུལ་ཡོདཔ་ཨིན་པས།
གལ་སྲིད་ བཅའ་ཡིག་དེ་ ཆ་མེད་མ་གཏང་པ་ཅིན་ ལས་འགུལ་དེ་ནང་ ལས་སྣ་ག་ཅི་ཡང་ འབད་ཐབས་མེད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *