ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཅིག་ བྱང་སྟོར་ཤོར་ཡོདཔ།

༉ སྐྱེས་ལོ་༢༠ ལང་མི་ ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ བྱང་སྟོར་ཤོར་ཏེ་ བདུན་ཕྲག་ལྷག་སོ་རུང་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པས།
ལོ་ངོ་དང་པའི་ནང་ མཐོ་རིམ་ཤེས་ཡོན་ལྷབ་མི་ སློབ་ཕྲུག་དེ་ སྤྱི་ཟླ་༡༢ པའི་ཚེས་༣ གྱི་ཉི་མར་ ཆུ་ཚོད་༡༡;༣༠ དེ་ཅིག་ཁར་ གར་སོང་མེད་པར་ བྱང་ཡོདཔ་ཨིན་པས།
སློབ་ཕྲུག་དེ་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ མཐོ་རིམ་སློབ་གྲྭ་ འཇམ་དཔལ་གླིང་སློབ་གྲྭའི་ སློབ་དཔོན་དང་ ལས་བྱེདཔ་ དེ་ལས་ ས་གནས་ཀྱི་ མི་ཚུ་གིས་ འཚོལ་བའི་བསྒང་འདུག།
སློབ་ཕྲུག་དེ་ འཚོལ་ནིའི་དོན་ལུ་ རྩི་རང་ལས་ ཁོ་རའི་ཕམ་དང་ སྤུན་ཆ་ཚུ་ཡང་ བཀང་ལུང་ལུ་ ལྷོད་ཡོདཔ་ད་ ས་གནས་ཁག་སོ་སོའི་ནང་ མོ་བཏབ་རྩིས་བཏབ་ཐོག་ལས་ འཚོལ་ཡོདཔ་མ་ཚད་ ལ་ལོ་གིས་ ལྷ་ཁང་དགོན་སྡེ་ཚུ་ནང་ ཆོས་སྲུང་ཚུ་ལུ་ གསོལ་ཁ་ཡང་ ཕུལ་ཡོདཔ་ཨིན་པས།
བྱང་སྟོར་ཞུགས་མིའི་ཆ་རོགས་ རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ ཁང་མིག་ནང་ སྡོད་པའི་ཤུལ་ལས་ ཉི་མའི་ཆུ་ཚོད་༡༡.༣༠ དེ་ཅིག་ཁར་ ཉིམ་བསྲོ་གེ་ཟེར་སླབ་ཏེ་ ཕྱི་ཁར་སོང་པའི་ཤུལ་ལས་  གར་སོང་མེདཔ་ཡར་སོཔ་ལས་ ཁོང་ཆ་རོགས་ཚུ་གིས་ འཚོལ་ཞིབ་འབད་རུང་ འཚོལ་མ་ཐོབ་ཟེར་ཨིན་པས།
ཆ་རོགས་དེ་ ལོག་འཐོན་འོང་མནོ་སྟེ་ བདག་སྐྱོང་ལུ་ཡང་ སྙན་ཞུ་མ་འབད་རུང་ ཕྱི་རུ་ལོག་འོང་ནི་མེདཔ་ལས་ མཐོ་རིམ་སློབ་གྲྭའི་བདག་སྐྱོང་དང་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ བྱང་སྟོར་ཤོར་མི་དེ་ ཁོ་རའི་ སྦྱོང་ཚན་ཅིག་ནང་ ཡོད་ཐོ་མ་ལང་ནི་དེ་གིས་ སེམས་ཁམས་ཀྱི་ ནད་ཐོབ་དོ་བཟུམ་དང་ སྦྱོང་ཚན་གཞན་ཚུ་གི་ ཆོས་རྒྱུགས་ཀྱི་དོན་ལུ་ཡང་ དཔེ་ཆ་ལྷབ་མ་ཚུགས་དོ་བཟུམ་ མཐོང་སྣང་བྱུང་ཡི་ཟེར་ཨིན་པས།
ཆོས་རྒྱུས་རྐྱབ་བཅུག་རུང་ ལེགས་ཤོམ་སྦེ་ མ་རྐྱབ་པའི་ཁར་ བྱ་སྤྱོད་མ་འདྲཝ་ གསལ་སྟོན་འབད་བའི་སྐོར་ ཁོ་རའི་ཨ་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ འཕྲལ་འཕྲལ་ར་ གནམ་ནུབ་མོ་ཡང་ ལོང་འགྱོ་ནི་ཡོད་པའི་ཁར་ རེ་ཚེ་སྐབས་ རང་སྲོག་གཅད་ནི་ཟེར་བའི་ ལོ་རྒྱུས་ཚུ་ སླབ་ནི་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཨ་པ་ནེར་མ་རའི་གིས་ ཁོ་གི་བུ་དེ་ བཟའ་ཚང་དང་གཅིག་ཁར་ སྟབས་མ་བདེཝ་ག་ནི་ཡང་མེདཔ་ལས་ ལོག་འཐོན་འོང་མནོ་བའི་ རེ་བ་ཡོད་ཟེར་ བཤད་ཡོདཔ་ད་ མོ་བཏབ་རྩི་བཏབ་འབད་བའི་སྐབས་ བུ་དེ་ ག་ནི་ཡང་མ་འབད་བས་ཟེར་ ཐོན་ཡོདཔ་ལས་ འཚོལ་མ་ཐོབ་ཚུན་ གཡུས་ཁར་ལོག་མི་འགྱོ་ཟེར་ བཤདཔ་ཨིན་པས།
ས་གནས་ཀྱི་ མི་ཅིག་གིས་ སླབ་མིའི་ནང་ བཀང་ལུང་ལུ་ མི་བྱང་སྟོར་ཤོར་བའི་ ལོ་རྒྱུས་ཡོད་མི་དེ་ཡང་ མི་༢ དང་༣ གྱི་བར་ན་ གར་སོང་མེད་པར་ བྱང་སྟོར་ཞུགས་ནི་ཡོད་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་རིང་དབང་འདུས་ཀྱིས་ སློབ་ཕྲུག་དེ་ དཔེ་ཆ་དང་ རྩེད་རིགས་ནང་ ལེགས་ཤོམ་ཡོདཔ་ལས་ བདག་སྐྱོང་དང་ ལེགས་སྦྱར་བ་གཉིས་ཆ་རའི་ ཁ་ཐུག་ལས་ ཨུ་ཚུགས་འབད་འབདཝ་ ག་ནི་ཡང་མེད་ཟེར་ བཤདཔ་ཨིན་པས།
མཐོ་རིམ་སློབ་གྲྭའི་བདག་སྐྱོང་གི་ཧོངས་ལས་ སློབ་ཕྲུག་འཚོལ་ཞིབ་འབད་ནི་དེ་ མཚམས་འཇོག་མ་འབད་བར་ འཕྲོ་མཐུད་འཚོལ་ནི་ལུ་ ཆ་རོགས་འབད་བཞིན་དུ་ཡོད་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ ཉིན་བསྟར་བཞིན་དུ་ འཚོལ་ཞིབ་འབད་མི་ མི་༦༥ དེ་ར་འོང་མས་ཡོད་ཟེར་ཨིན་པས།
བཀང་ལུང་གིས་མ་ཚད་པར་ ཉེ་འདབས་ཀྱི་ས་གནས་ ཨུ་མཛོ་རོང་དང་ མཁའ་གླིང་ དེ་ལས་ བསམ་ཁར་རྒེད་འོག་གི་ ས་གནས་ཚུ་ནང་འཚོལ་རུང་ འཚོལ་མ་ཐོབ་ཟེར་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།  བཀང་ལུང་།

 

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *