ཤིང་སྐྱོང་རི་སྤྱི་འོག་གི་དུར་ཁྲོད།

ཤིང་སྐྱོང་རི་སྤྱི་འོག་གི་དུར་ཁྲོད་ ཉམས་བཅོས་འབད་ནི་རན་ཡོདཔ།

༉ པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་ བདེ་ཆེན་གླིང་རྒེད་འོག་ ཤིང་སྐྱོང་རི་སྤྱི་འོག་གི་ དུར་ཁྲོད་དེ་ མི་ཚུ་གི་དོན་ལུ་ ཕན་ཐོགས་ཆེ་ཤོས་ཅིག་ཨིན་རུང་ དེ་ནང་ ཐབ་ཁུང་དང་ མཆོད་ཁང་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ ལེགས་ཤོམ་མེདཔ་ལས་ མི་སེར་ཚུ་ སེམས་དང་མ་ལྡན་པར་འདུག།
དུར་ཁྲོད་ཀྱི་ས་ཁོངས་ནང་ ལྷོད་པའི་སྐབས་ ཆུ་གཡུར་ཅིག་ཡང་མེདཔ་ལས་ ས་ཁོངས་ཚུ་ འདམ་རྫབ་སྦེ་ ཡོདཔ་བཞིན་དུ་ ཐབ་ཚང་དང་ མཆོད་ཁང་ དེ་ལས་ མེ་སྦྱང་འབད་སའི་ ཐབ་ཁུང་ལ་སོགས་པ་ཚུ་ རྐྱབ་སྟེ་ཡོད་རུང་ ད་རེས་ སྒོ་སྒྲིག་དང་ སྒོ་ལ་སོགས་པ་ཚུ་ བཅག་དཀྲུམས་བཏང་ཡོདཔ་ལས་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ གྱུར་ནུག།
ཤིང་སྐྱོང་རི་ལས་ སྐྱེས་ལོ་༦༥ ལང་མི་ ཚེ་རིང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ སྤྱི་འོག་ནང་ དུར་ཁྲོད་མེདཔ་ལས་ རྩིསཔ་ལ་སོགས་པ་ཚུ་ལས་ མོ་རྩིས་བཏབ་འབད་བའི་ཤུལ་ལས་ མི་ཤིའི་མེ་སྦྱང་གི་རིགས་ཚུ་ གཡུས་ཚན་ནང་ར་ འབད་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མེ་སྦྱང་ཚུ་ གཡུས་ཚན་ནང་འབད་བའི་སྐབས་ དཀའ་ངལ་ཚུ་ བྱུང་དོ་ཡོད་པའི་ ཉོགས་བཤད་ཐོན་པའི་ཤུལ་ལས་ རྒེད་འོག་གིས་ འཆར་གཞི་༡༠ པའི་ནང་ དུར་ཁྲོད་རྐྱབ་ཞིནམ་ལས་ཚུར་ ཤིང་སྐྱོང་རི་དང་ ནང་སྒོར་གཡུས་ཚན་༢ ཀྱི་དོན་ལུ་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ ད་རེས་ དུར་ཁྲོད་ཀྱི་ གཞི་རྟེན་མཐུན་རྐྱེན་ཚུ་ག་ར་ བཅག་དཀྲུམས་འབད་ཡོད་པའི་ཁར་ གློག་མེ་ཡང་ མཐུད་སྦྲེལ་འབད་དེ་མེདཔ་ལས་ འཕྲལ་འཕྲལ་ནུབ་མོ་ མེ་སྦྱང་འབད་དགོཔ་འཐོན་པའི་སྐབས་ དཀའ་ངལ་ཡོདཔ་མ་ཚད་ ཐལཝ་བཀོག་ནིའི་དོན་ལུ་ ཆུ་གཡུར་ཅིག་ཡང་མེད་པའི་ གདོང་ལེན་ཚུ་ཡོད་ཟེར་ ཚེ་རིང་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྐྱེས་ལོ་༦༧ ལང་མི་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ དུར་ཁྲོད་ཀྱིས་ ཕན་ཐོགས་བྱུང་སྟེ་ཡོད་རུང་ ད་རེས་ནངས་པར་ ཐབ་ཁུང་དང་ མཆོད་ཁང་ ཐབ་ཚང་ལ་སོགས་པའི་ མཐུན་རྐྱེན་ཚུ་ སྐྱོ་དྲགས་ཐལ་ཡོདཔ་ལས་ དེ་ཚུ་ ཞིབ་དཔྱད་དང་ ལྟ་རྟོག་འབད་བར་ ག་ཡང་མ་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དུར་ཁྲོད་ལུ་ མེ་སྦྱང་འབད་བའི་སྐབས་ གསོལ་ཚོགས་ཚུ་ དྲང་ནི་མེད་རུང་ ཇའི་རིགས་ཚུ་ དྲང་དོ་ཡོདཔ་ད་ དེ་ཁའི་ཐབ་ཚང་དེ་ ལག་ལེན་འཐབ་བཏུབ་ཅིག་མེདཔ་ལས་ ཁྱིམ་ནང་བཟོ་ཞིནམ་ལས་ འབག་འགྱོ་དགོ་པའི་ གནས་སྟངས་ནང་ ཡོད་ཟེར་ཨིན་པས།
སྐྱེས་ལོ་༢༤ ལང་མི་ ཆོས་ཉིད་དབང་མོ་གིས་ སླབ་མིའི་ནང་ དུར་ཁྲོད་ཀྱི་ ས་ཁོངས་ཚུ་ནང་ རྩྭ་དང་ ཧོང་སྡོང་ལ་སོགས་པ་ཚུ་ སྐྱེས་མི་ལུ་བརྟེན་ གཙང་སྦྲ་དང་ལྡནམ་སྦེ་མེད་པའི་ཁར་ དུར་ཁྲོད་འགྱོ་སའི་ འཁོར་ལམ་གྱི་གནས་སྟངས་ཡང་ སྐྱོ་དྲགས་ཐལ་ཏེ་ ཡུན་རིང་སོང་ཡོདཔ་ལས་ འཕྲལ་མགྱོགས་ར་ ཉམས་བཅོས་འབད་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
དེ་བཟུམ་སྦེ་ གཡུས་མི་གཞན་ཚུ་གིས་ སླབ་མིའི་ནང་ དུར་ཁྲོད་གཞན་ཚུ་ནང་ཡོད་དོ་བཟུམ་སྦེ་ དེ་ཁའི་དུར་ཁྲོད་ནང་ ཐབ་ཆས་ལ་སོགས་པ་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ རྒེད་འོག་གི་རྒཔོ་དང་ དམངས་མི་ལ་སོགས་པ་ཚུ་ གཡུས་ཚན་དེ་ནང་ལས་ར་ འབད་ནི་དེ་གིས་ ཤེས་རྟོགས་ཡོདཔ་ལས་ དེ་ཚུའི་སྐོར་ལས་ སྙན་ཞུ་འབད་དགོཔ་ཅིག་ཡང་ མིན་འདུག་ཟེར་ཨིན་པས།
བདེ་ཆེན་གླིང་རྒཔོ་ བསོད་ནམས་རིན་ཆེན་གྱིས་ སླབ་མིའི་ནང་ ཤིང་སྐྱོང་རི་སྤྱི་འོག་ནང་ དུར་ཁྲོད་མེད་མི་ལུ་བརྟེན་ འཆར་གཞི་༡༠ པའི་ནང་ རྐྱབ་ནུག་ཟེར་ཨིནམ་བཞིན་དུ་ ཉམས་བཅོས་མ་འབད་བར་ ཡུན་རིང་སོང་ཡོདཔ་མ་ཚད་ གསང་སྤྱོད་ལ་སོགས་པའི་ མཐུན་རྐྱེན་གཞན་ཚུ་ཡང་ དགོཔ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ འཆར་གཞི་༡༢ པའི་ རྩིས་ལོ་༢ པའི་ནང་ ཐབ་ཚང་དང་ གསང་སྤྱོད་བཟོ་སྐྲུན་ དེ་ལས་ ཐབ་ཁུང་དང་ མཆོད་ཁང་ཚུ་ ཉམས་བཅོས་འབད་དེ་ ལྡེབས་རིས་རྐྱབ་ནི་ཨིནམ་མ་ཚད་ འཁོར་ལམ་ཡང་ ཉམས་བཅོས་འབད་ནི་ཨིན་མི་ལུ་བརྟེན་ རྒེད་འོག་གིས་ དངུལ་ཀྲམ་ས་ཡ་༡ བཞག་སྟེ་ཡོད་ཟེར་ རྒཔོ་གིས་ སླབ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

བཀྲིས་སྒང་གི་ མི་སེར་ཚུ་གིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ནང་ སྒོ་ནོར་སེམས་ཅན་གཞན་དང་ཕྱདཔ་ད་ མི་སེར་མང་ཤོས་ཀྱིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ནོར་གསོ་ནི་དེ་ ཡོངས་གྲགས་ཐོན་ཏེ་འདུག། དེ་ཡང་ ནོར་གསོ་སྐྱོང་གི་ལཱ་འབདཝ་ད་ སྡིག་པའི་ལཱ་དེ་ཅིག་ར་ མེད་ནི་དེ་གིས་ཨིནམ་ད་ ནོར་གྱི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ …

Leave a Reply

Your email address will not be published. Required fields are marked *