ཤིང་མཁར་སྒོར་གཱན་ལམ་སེལ་ནང་ ཌན་ཊག་ལས་འགུལ་ བཅའ་མར་གཏོགས་མི་བཅུག་ནི།

༉ བུམ་ཐང་ཤིང་མཁར་དང་ ལྷུན་རྩེ་སྒོར་གཱན་བར་ན་ ཕྲང་ལམ་སེལ་ནིའི་ལཱ་ ལ་ལོ་ཅིག་ ཌན་ཊག་ལས་སྡེ་ལུ་ བྱིན་ནི་སྦེ་བཞག་མི་དེ་ ད་ལས་ཕར་ མི་བྱིན་ནི་སྦེ་ གཞུང་གིས་ གྲོས་ཐག་བཅད་ནུག།

སྤྱི་ཟླ་༦ པའི་ཚེས་༨ ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ རྒྱལ་ཡོངས་ཚོགས་སྡེ་ནང་ གསལ་ཞུ་འབད་མི་དང་འཁྲིལ་བ་ཅིན་ ལམ་སེལ་ནིའི་ལཱ་དེ་ ཌན་ཊག་ལས་འགུལ་ལུ་ མི་བྱིན་ཟེར་ཨིན་པས།
དེ་ཡང་ འཐུས་མི་ཚུ་གིས་ ཞབས་ཏོག་བློན་པོ་ལུ་ དྲི་བ་བཀོད་མིའི་ལན་སྦེ་ ཞུ་ཡོདཔ་ད་ འཐུས་མི་ཚུ་གི་ཚ་གྱང་དེ་ཡང་ ཕྲང་ལམ་སེལ་ནིའི་ལཱ་དེ་ ཌན་ཊག་ལས་འགུལ་ལུ་ བྱིན་པ་ཅིན་ ལཱ་གི་གྲུབ་འབྲས་ བཏོན་ནི་ལུ་ དུས་ཚོད་ལེ་ཤ་འགོར་ནི་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཕྲང་ལམ་སེལ་ནིའི་ལཱ་ ལ་ལོ་ཅིག་ ལས་འགུལ་ལུ་བྱིན་ནི་སྦེ་ གཞུང་དང་ ཌན་ཊག་ལས་འགུལ་གྱིས་ མཉམ་རུབ་ཐོག་ ཤིང་མཁར་ལས་ དཔལ་ཕུག་ཚུན་ བརྟག་ཞིབ་ཡང་འབད་ནུག།
འཐུས་མི་གིས་འབད་བ་ཅིན་ དམ་ཆུ་ལས་བརྒྱུད་དེ་སེལ་མི་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ཕྲང་ལམ་དེ ད་ལྟོའི་ བར་ན་ཡང་ སེལ་མ་ཚུགས་ནི་དེ་གིས་ མི་སེར་ཚུ་ལུ་ དཀའ་ངལ་སྦོམ་བྱིན་ཡོདཔ་ལས་ ཤིང་མཁར་སྒོར་གཱན་གྱི་ལམ་དེ་ཡང་ ལས་འགུལ་ལུ་སྤྲོད་པ་ཅིན་ བྱ་སྟབས་མ་བདེཝ་ འཐོན་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ཧཱ་གི་འཐུས་མི་ ཚེ་རིང་རྡོ་རྗེ་གིས་འབད་རུང་ མ་གཞི་ ཌན་ཊག་ལས་འགུལ་དེ་ རྒྱལ་ཁབ་ནང་ གཞུང་ལམ་སེལ་མི་ལས་འགུལ་ ངོ་མ་ཅིག་ཨིན་རུང་ ཁོང་གིས་འབད་མི་ལཱ་ལུ་ དོགས་པ་སྦོམ་ཡོད་ཟེར་ཞུ་ཡི།
དེ་ཡང་ ཆུ་འཛོམས་བརྒྱུད་དེ་ ཧཱ་དམ་ཐང་ཚུན་ སེལ་བའི་བསྒང་ཡོད་མི་ འཁོར་ལམ་དེ་ ད་ལྟོའི་བར་ན་ཡང་ མཇུག་བསྡུ་མ་ཚུགས་པར་ ཡོད་མི་ལུ་བལྟ་བ་ཅིན་ ཁོང་གི་ལྕོགས་གྲུབ་ལུ་ དོགས་པ་ཡོདཔ་ལས་ ལཱ་སྤྲོད་པའི་སྐབས་ མནོ་བསམ་ལེགས་ཤོམ་ གཏང་དགོཔ་འདུག་ཟེར་ཨིན་པས།
ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་རྒྱལ་གྱིས་ ཞུ་མིའི་ནང་ ཌན་ཊག་ལས་འགུལ་གྱིས་ ལཱ་འབད་བའི་སྐབས་ གྲུབ་འབྲས་མགྱོགས་པར་ བཏོན་མ་ཚུགསཔ་མ་ཚད་ དེ་ཁར་ལཱ་འབད་མི་ ལས་མི་དང་ ཁོང་གི་བཟའ་ཚང་ཚུ་ ལམ་ཉམས་བཅོས་ཀྱི་དོན་ལུ་ གཞུང་ལམ་བརྒྱུད་དེ་ སྒར་བཅགས་སྡོད་མི་དེ་ཡང་ བྱ་སྟབས་མ་བདེཝ་ སྦོམ་འདུག་ཟེར་ཨིན་པས།
ད་རེས་ ཌན་ཊག་ལས་འགུལ་གྱིས་ འབད་བའི་བསྒང་ཡོད་མི་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་གྱི་ གཞུང་རྒྱ་བསྐྱེད་ཀྱི་ལཱ་དང་ ཤར་ནུབ་ཀྱི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ ལཱ་ཚུའི་གྲས་ལས་ བཀྲིས་སྒང་ལྕགས་ཟམ་ལས་ མོང་སྒར་ཡ་ལྡི་ཚུན་ འབད་མི་དེ་ཡང་ གྲུབ་འབྲས་བཏོན་མ་ཚུགས་མི་ལུ་བརྟེན་ མི་མང་ཤོས་ཅིག་གིས་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ལས་འགུལ་གྱིས་ ལཱ་གི་གྲུབ་འབྲས་ལུ་ ཤུགས་མ་བཏོན་པར་ དོན་ཆེད་སྦེ་ར་ སྡོད་དོ་བཟུམ་ མཐོངམ་མས་ཟེར་ཨིནམ་ད་ དེ་ཡང་ ལས་འགུལ་དེ་ རྒྱལ་ཁབ་ནང་ ལམ་སེལ་གྱི་ལཱ་ལུ་ བརྟེན་སྡོད་དོ་ཡོདཔ་མ་ཚད་ ལས་འགུལ་གྱི་ལས་བྱེདཔ་དང་ འགོ་དཔོན་ཚུ་ རྒྱལ་ཁབ་ནང་སྡོད་པའི་རིང་ལུ་ རྒྱ་གར་གཞུང་ལས་ དམིགས་བསལ་ཀྱི་འཐུས་ ཐོབ་ནི་དེ་གིས་ ཁེ་ཕན་ཡོདཔ་ལས་ ཁོང་རའི་ རྒྱལ་ཁབ་ནང་ ལོག་འགྱོ་ནི་ལུ་ སྤྲོ་བ་མེདཔ་ཨིན་པས།
ཀི་ལོ་མི་ཊར་༥༦ འབད་མི་ ཤིང་མཁར་སྒོར་གཱན་གྱི་ ཕྲང་ལམ་དེ་ ལམ་སེལ་ལས་ཁུངས་ཀྱིས་ སེལ་ནི་ཨིན་རུང་ ད་ལྟོ་ རྒྱལ་གཞུང་མཐའ་འཁོར་གནས་སྟངས་ལྷན་ཚོགས་ལས་ ཉོགས་མེད་ཡིག་གུ་ མ་ཐོབ་ནི་དེ་གིས་ ལམ་སེལ་ལཱ་དེ་ ནམ་ལས་ འགོ་བཙུགས་ནི་ཨིན་ན་ གཏན་འཁེལ་མེདཔ་ཨིན་པས།
གལ་སྲིད་ ཕྲང་ལམ་དེ་ སེལ་ཚུགས་པ་ཅིན་ དེ་གིས་ བུམ་ཐང་དང་ ལྷུན་རྩེའི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིན་པས།
འགྲོ་འགྲུལ་འབད་བའི་སྐབས་ མོང་སྒར་སེང་སྒོར་དང་ གླིང་མེད་ཐང་ དེ་ལས་ ཀུར་རི་ཟམ་པ་བརྒྱུད་དེ་ འགྱོ་མ་དགོ་པར་ ཕྲངམ་ཕྲང་སར་ བུམ་ཐང་ཆུ་སྨད་ལས་ ལྷུན་རྩེ་ཨའུ་མཚོ་གི་བར་ན་ མཐུད་སྦྲེལ་འབད་ཚུགས་ནི་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *