བཀྲིས་གཡང་རྩེ་ ཚང་སི་མ་ལུ་ སྤུངས་བཞག་མི་བྱེམ།

ཤར་ཕྱོགས་ལུང་ཕྱོགས་ནང་ རྡོ་དང་བྱེམ་གྱི་ མཁོ་འདོད་བཀོད་མི་ ཡར་སེང་སོང་ཡོདཔ།

༉ མོང་སྒར་ལུང་ཕྱོགས་རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ དུས་ཅི་ལས་འགོ་བཙུགས་ཏེ་ ལུང་ཕྱོགས་ནང་ རྡོ་དང་བྱེམ་གི་ མཁོ་འདོད་བཀོད་མི་ ཡར་སེང་སོང་ཡོདཔ་ཨིན་པས།
ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ རྡོའི་ཐོན་སྐྱེད་ཀྱི་གྲས་ལས་ རྡོ་རུག་ཚུ་ ན་ཧིང་ཚུན་ ལོ་རེ་ནང་ ཤར་ཕྱོགས་རྫོང་ཁག་༦ ནང་ ཕིཊ་གྲུ་བཞི་༢༩༠,༠༠༠ དེ་ཅིག་ལས་བརྒལ་ བཙོང་མ་ཚུགས་མི་དེ་ ད་ཚུན་ ཕིཊ་གྲུ་བཞི་༤༥༠,༠༠༠ དེ་ཅིག་ བཙོང་ཡོདཔ་ད་ ལོ་མཇུག་བསྡུ་ཁམས་ལས་ ཕིཊ་གྲུ་བཞི་༥༠༠,༠༠༠ དེ་ཅིག་ བཙོང་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ བྱེམ་གྱི་ཐོན་སྐྱེད་འབད་རུང་ ཧེ་མ་ ཀིའུ་བིག་མི་ཊར་༢༠,༠༠༠ དེ་ཅིག་ལས་ སྤྱི་ལོ་༢༠༡༥ ལུ་ ལོ་བསྟར་བཞིན་དུ་ སྣུམ་འཁོར་ཊཱག་གི་དོ་༤༠,༠༠༠ དང་༥༠,༠༠༠ གི་བར་ན་ བཙོང་ཡོད་མི་ལས་ འདས་པའི་ལོ་༢ དེ་ཅིག་གི་ཧེ་མ་ལས་ ཀིའུ་བིག་མི་ཊར་༦༠,༠༠༠ དེ་ཅིག་ བཙོང་ཡོད་རུང་ ན་ཧིང་ལས་ དེ་ཅིག་ར་ ཡར་སེང་མ་འགྱོ་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤདཔ་ཨིན་པས།
དེ་ལས་ རྡོ་གི་ཐད་ཁར་འབད་བ་ཅིན་ འདས་པའི་ལོ་ངོ་དག་པ་ཅིག་ལས་འགོ་བཙུགས་ ལོ་རེ་ནང་ ཕིཊ་གྲུ་བཞི་༧༥༠,༠༠༠ དེ་ཅིག་བཙོང་ཚུགས་མི་ལུ་ བསྒྱུར་བཅོས་མེདཔ་ད་ དེ་ཡང་ རྟ་མགྲིན་དབང་ཕྱུག་དང་འཁྲིལཝ་ད་ མ་གཞི་ འཕྲལ་ཁམས་ཅིག་ཁར་ རྡོའི་མཁོ་འདོད་ཡར་སེང་སོང་ཡོད་རུང་ ལས་འཛིན་གྱི་ ཚོང་གི་ཐོ་ལུ་ བསྒྱུར་བཅོས་མེད་མི་དེ་ ལམ་རྒྱ་སྐྱེད་འབད་ནི་དེ་གིས་ དེ་ནང་ལས་ཐོན་མི་རྡོ་ཚུ་ མངམ་ལག་ལེན་འཐབ་ནི་དེ་གིས་ ཨིན་མས་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤདཔ་ཨིན་པས།
ལུང་ཕྱོགས་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ལས་འཛིན་གྱི་ རྡོ་བཏོན་ཁང་གི་ ཚོང་ལམ་ཡར་དྲགས་སོང་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ལས་ མོང་སྒར་དང་ རྒྱལ་པོའི་ཞིང་ལུ་ སྒེར་གྱི་རྡོ་བཏོན་འཕྲུལ་ཁང་༢ ཡོད་མི་དེ་ སྒོ་བསྡམས་མི་དང་ ལུང་ཕྱོགས་ནང་ ལམ་རྒྱ་སྐྱེད་དང་ རྒེད་འོག་ལྟེ་བའི་ལམ་ རྩི་ནག་གཏང་ནི་ རྒྱལ་པོའི་ཞིང་ཁྲོམ་གོང་འཕེལ་ བོང་སྡེ་མ་བཟོ་གྲྭའི་ས་ཁོངས་གོང་འཕེལ་ དེ་ལས་ གླིང་མེད་ཐང་སོ་ནམ་བཟོ་གྲྭ་འཕྲུལ་ཁང་ བཟོ་ནིའི་དོན་ལུ་ གཞི་རྟེན་ཅ་ཆས་གཙོ་བོ་ རྡོ་རུག་འབད་ནི་དེ་གིས་ ཨིན་མས་ཟེར་ ཨིན་པས།
བྱེམ་གྱི་ཐོན་སྐྱེད་ལུ་ཡང་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ ཡར་དྲག་སོང་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ཐོག་ལུས་མི་ཅིག་ མཁོ་ལོང་ཆུ་ལས་འགུལ་བཟོ་སྐྲུན་གྱི་ལཱ་ བར་སྐབས་ཅིག་ བཀག་ལུས་མི་དེ་ཨིནམ་ད་ ལས་འགུལ་བཟོ་ནི་ འགོ་བཙུགས་པ་ཅིན་ མཁོ་འདོད་མངམ་འཐོན་འོང་ཟེར་ ཨིན་པས།
གནད་དོན་གཞན་མི་དེ་ བཀྲིས་སྒང་ལྕགས་ཟམ་ལུ་ སྒེར་མི་ཅིག་གིས་ སྒེར་ས་ནང་ བྱེམ་བཏོན་ས་ཅིག་ གཞི་བཙུགས་འབད་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ བྱེམ་ཊཱག་དོ་༣༠༠༠ དང་༤༠༠༠ གི་བར་ན་ བཀྲམ་སྤེལ་འབད་མི་དེ་གིས་ ལས་འཛིན་གྱི་ཚོང་ལམ་ལུ་ བརྒྱ་ཆ་༢༥ དེ་ཅིག་ གནོད་དེ་ཡོད་ཟེར་ཨིན་པས།
ལུང་ཕྱོགས་འཛིན་སྐྱོང་པ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ བསྒྱུར་བཅོས་འགྱོ་མི་ ནགས་ཚལ་བཅའ་ཁྲིམས་དང་འཁྲིལཝ་ད་ བྱེམ་དེ་ གཞུང་གི་རྒྱུ་དངོས་ཨིནམ་བཞིན་དུ་ སྒེར་མི་ཚུ་གིས་ རང་སོའི་ས་གོ་ནང་ཡོད་མི་ཚུ་ ལོངས་སྤྱོད་ཆོགཔ་ཨིན་རུང་ ཚོང་འབྲེལ་འཐབ་མ་ཆོགཔ་སྦེ་ཡོདཔ་ད་ ཨིན་རུང་ གནང་བ་ཐོབ་སྟེ་ སྤྱི་ལོ་༢༠༡༧ ལས་ ཚོང་འབྲེལ་འགོ་བཙུགས་ཞིནམ་ལས་ ལོ་༡ གི་གནང་བ་ཐོབ་མི་དེ་ སྤྱི་ཟླ་༨ པའི་ནང་ རང་བཞིན་གནས་སྟངས་ཡིག་ཚང་ལས་ བསྐྱར་གསོ་ཐོབ་སྟེ་ ད་ལྟོ་ཡང་ འཕྲོ་མཐུད་ལཱ་འབད་དེ་ཟེར་ཨིན་པས།
དེ་ལུ་ ལས་འཛིན་གྱིས་ ནགས་ཚལ་དང་གླིང་ཁའི་ཞབས་ཏོག་ལས་ཁུངས་དང་ རྫོང་ཁག་ནགས་ཚལ་མངའ་སྡེ་ཡིག་ཚང་ལུ་ ཡི་གུ་བཏང་ཡོད་རུང་ ཐད་ཀར་དུ་ ལན་གསལ་མ་འཐོབ་པར་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚོང་འབྲེལ་ལུ་ཐོ་ཕོག་མི་ཅིག་ བསམ་གྲུབ་ལྗོངས་མཁར་ལུ་ ཉེ་འདབས་ཀྱི་ ས་མཚམས་ཁྲོམ་ལས་ བྱེམ་ནང་འདྲེན་འབད་དེ་ བཙོང་མི་ལུ་བརྟེན་ཨིན་ཟེར་ ལས་འཛིན་གྱི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ བྱེམ་དེ་ ད་ལྟོ་ ཤར་ཕྱོགས་ལུང་ཕྱོགས་ནང་ ག་དེམ་ཅིག་དགོ་རུང་ འཐོབ་ཆོག་ཆོ་ཡོདཔ་ད་ ལུང་ཕྱོགས་འོག་གི་རྫོང་ཁག་༦ ནང་ བྱེམ་བཏོན་སའི་ས་ཁོངས་༣༩ ཡོད་མི་ཚུ་ནང་ བསགས་བཞག་ཡོདཔ་མ་ཚད་ མཁོ་འདོད་ཡར་སེང་འགྱོ་བ་ཅིན་ ད་རུང་ ལྷན་ཐབས་ཀྱི་ བྱེམ་བཏོན་སའི་ས་ཁོངས་༩ ངོས་འཛིན་འབད་དེ་ཡོད་ཟེར་ ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *