ཨམ་སྲུ་ཚུ་གིས་ སྲིབ་བརྡུང་ནིའི་དོན་ལུ་ གེ་ཟ་རྔོ་བའི་བསྒང་།

ཤར་ཕྱོགས་རྫོང་ཁག་ཚུ་ནང་ གེ་ཟ་ལུ་བརྟེན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ།

༉ སྐྱེས་ལོ་༦༧ ལང་མི་ ཨཔ་གཡང་ཁུག་དེ་ གདོང་གུ་ལས་མར་ རྔུལ་ནག་ཙར་ཙིར་བཏང་ཐོན་རུང་ ཡུདཔ་ཐེངས་ཅིག་ཡང་ དལཝ་མ་སྡོད་པར་ སྲིབ་བརྡུང་མི་ འཕྲུལ་ཆས་དེ་ ལག་ལེན་འཐབ་སྡོད་སར་ མཐོངམ་ཨིན་པས།

དེ་བསྒང་ ཁོ་རའི་ཨམ་སྲུ་གིས་ མེ་འཕུ་ནི་དང་ ཐབ་ཤིང་བཙུགས་ནི་ དེ་ལས་ རྔོ་ཚར་མི་གེ་ཟ་ཚུ་ འཕྲུལ་ཆས་ཀྱི་སྦོ་ལོགས་ཁར་བསྐྱལ་ནི་དང་ བརྡུང་ཚར་མི་ གེ་ཟ་ཚུ་ ཕད་ཙེ་ནང་འདེགས་ཏེ་ ཉིནམ་གང་ར་ མེ་དང་ འཕྲུལ་ཆས་ཀྱི་དུ་པ་ དེ་ལས་ འཕྲུལ་ཆས་ཀྱི་ སྐད་དང་གཅིག་ཁར་ ལཱ་འབདཝ་ཨིན་པས།

ཁོང་བཟའ་ཚང་གཉིས་ཀྱི་ གེ་ཟ་བརྡུང་མི་འཕྲུལ་ཆས་དེ་ མི་སྡེ་ལུ་ གནོད་ཉེན་མེད་པའི་ས་གོ་ ཉམས་དགའ་ཏོག་ཏོ་ཅིག་ནང་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ ལྷུན་རྩེ་སྨན་སྦིས་རྒེད་འོག་ སྐམ་དར་སྤྱི་འོག་ སྟག་སྐད་ལ་ གུ་རུའི་སྐུ་འདྲ་ཡོད་སར་ འགྱོ་བའི་ལམ་གྱི་ ཟུར་ཁར་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ ངོས་ལེན་འབདཝ་ཨིན་པས།

འཕྲུལ་ཆས་དེ་ལུ་བརྟེན་ ཁོང་གཉིས་ལུ་ འོང་འབབ་བཟོ་ཚུགས་པའི་ཁར་ མི་སྡེ་ལུ་ཡང་ ཞབས་ཏོག་བྱིན་ཚུགས་ནི་དེ་གིས་ དམིགས་གཏད་ འགྲུབ་ཚུགས་ཡོདཔ་ཨིན་པས།

དེ་ལུ་བརྟེན་ འོང་འབབ་ཐོབ་མི་དེ་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ལུ་ ཟད་འགྲོ་གཏང་ནི་དང་ དུམ་གྲ་རེ་ གསོག་འཇོག་བཞག་དོ་ཡོདཔ་མ་ཚད་ ཁྱིམ་ནང་བཟའ་འཐུང་གི་རིགས་ཚུ་ མཁོ་སྒྲུབ་འབདཝ་ཨིན་པས།

གཡང་ཁུག་གིས་ སླབ་མིའི་ནང་ འཕྲུལ་ཆས་གསརཔ་མཁོ་སྒྲུབ་འབད་དེ་ ལོ་༢ ལང་ཡི་ཟེར་ཨིནམ་ད་ འཕྲུལ་ཆས་དེ་ཡང་ འཕྲུལ་གླང་པ་ཝར་ཊི་ལར་གྱིས་ ཞིང་རྨོ་སྟེ་ཐོབ་མི་ འོང་འབབ་མ་དངུལ་གྱིས་ མཁོ་སྒྲུབ་འབད་ཡི་ཟེར་ཨིན་པས།

ཁོ་གིས་ ཉིནམ་གཅིག་ཡང་ ངལ་གསོ་སྦེ་མ་སྡོད་པར་ གཞན་གྱི་ལཱ་འབད་བར་སོང་སྟེ་ འཐུས་སྦེ་ཐོབ་མི་ཏི་རུ་ཚུ་ གསོག་འཇོག་འབད་ཡི་ར་ འཕྲུལ་གླང་པ་ཝར་ཊི་ལར་ མཁོ་སྒྲུབ་འབད་བའི་ཁར་ ཨ་ལོ་༡༡ ཡང་ སོ་ནམ་གྱི་ལཱ་འབད་དེ་ གསོ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁྱིམ་ནང་ ཨ་ལོ་ལེ་ཤ་གསོ་དགོ་པའི་སྐབས་ ཞིང་ནང་ལཱ་འབད་མི་ ཁོ་ར་ གཅིག་ལས་བརྒལ་མེདཔ་ལས་ གདོང་ལེན་ཤུགས་འབད་དགོཔ་འཐོན་རུང་ ཚེ་སྲོག་ལུ་ བར་ཆད་མེད་པར་ ཨ་ལོ་ག་ར་ལུ་ ཤེས་ཡོན་སྤྲོད་ཚུགས་ནི་དེ་གིས་ སེམས་དགའཝ་མས་ཟེར་ཨིན་པས།

གཡང་ཁུག་གིས་འབད་བ་ཅིན་ སྲིབ་བརྡུང་མི་འཕྲུལ་ཆས་དེ་ ཁྱིམ་གྱི་སྦོ་ལོགས་ཁ་ལས་ ཙན་དན་ཤིང་གི་ཉེ་འདབས་ལུ་ སྤོ་དགོ་མི་དེ་ སྣུམ་འཁོར་ལམ་གྱི་ སྦོ་ལོགས་ཁར་ཡོདཔ་ལས་ མི་སེར་ཚུ་གི་གེ་ཟ་ཚུ་ ཕར་ཚུར་སྐྱེལ་འདྲེན་འབདཝ་ད་ བྱ་སྟབས་བདེ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

སྲིབ་བརྡུང་ནི་འགོ་བཙུགས་ཏེ་ བདུན་ཕྲག་༢ ལངམ་ད་ འོང་འབབ་དངུལ་ཀྲམ་༢༠,༠༠༠ ལྷགཔ་ཅིག་ བཟོ་ཚུགས་ཅི་ཟེར་ཨིནམ་ད་ དེ་ཡང་ ཉིནམ་རེ་ལུ་ འོང་འབབ་དངུལ་ཀྲམ་༢༠༠༠ རེ་ བཟོ་ཚུགས་ནི་དེ་གིས་ ཨིན་པས།

རྒེད་འོག་ནང་ འཕྲུལ་ཆས་འགོ་དང་པ་ གཞི་བཙུགས་འབདཝ་ལས་ སྨན་སྦིས་རྒེད་འོག་གི་ མི་སེར་ཚུ་མ་ཚད་ སྨིན་རྗེ་དང་ སྒང་ཟུར་རྒེད་འོག་ལས་ཡང་ སྲིབ་བརྡུང་པར་ གེ་ཟ་འབག་འོང་ནི་ཡོད་རུང་ དུས་ཅི་ མི་ཕུད་རྡོག་ཅིག་ཡང་ མ་ལྷོདཔ་ཨིན་པས།

གཡང་ཁུག་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ གོང་འཕེལ་འགྱོཝ་དང་འབྲེལ་ ད་ཚུན་ རྒེད་འོག་ནང་ སྲིབ་བརྡུང་མི་འཕྲུལ་ཆས་༣ ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ མི་འོང་མི་གངམ་མེད་རུང་ ཐབ་ཤིང་རིན་མེད་སྟོང་པར་སྦེ་ བྱིན་པའི་ཁར་ གོང་ཚད་མར་ཕབ་ཐོག་ སྲིབ་བརྡུང་དོ་ཡོདཔ་ལས་ འོང་འབབ་ལུ་ ཐོ་མ་ཕོག་ཟེར་ཨིན་པས།

གཡང་ཁུག་གི་གནས་ཚང་ སྐྱེས་ལོ་༦༠ ལང་མི་ ཆོས་ཚོགས་ཀྱིས་ སླབ་མིའི་ནང་ ཨ་ལོ་༡༤ སྐྱེས་བའི་ཤུལ་ལུ་ གསོ་མ་ཚུགས་པར་ དཀའཝ་སྤྱད་པའི་མཐའ་མར་ ད་རེས་ནངས་པར་ ཨ་ལོ་༣ གྱིས་ གཞུང་གཡོགཔ་སྦེ་ ཕྱག་ཞུ་བའི་ཁར་ ལ་ལོ་ཅིག་ སྒེར་སྡེ་ནང་ ལཱ་འབད་དེ་ ལྟོ་ཐོབ་ནི་ཡོད་རུང་ ཨ་ལོ་༣ དཔེ་ཆ་ལྟ་བའི་བསྒང་ ཡོད་ཟེར་ཨིན་པས།

ཨ་ལོ་༡༤ གི་གྲས་ལས་༣ ཚེ་འདས་སོང་ཡི་ཟེར་ཨིནམ་ད་ དཔེ་ཆ་ལྟ་བའི་བསྒང་ཡོད་མི་ ཨ་ལོ་ཚུ་གི་དོན་ལུ་ འཕྲུལ་ཆས་དང་ ཚོད་བསྲེ་ དེ་ལས་ ས་ཞིང་སྟོངམ་ཚུ་ནང་ ཤིང་འབྲས་རིགས་ཚུ་ འཛུགས་སྐྱོང་འབད་དེ་ཡོད་ཟེར་ཨིན་པས།

དགོན་པ་གཡུས་ཚན་ལས་ གེ་ཟ་བརྡུང་པར་འོང་མི་ ཀརྨ་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ འདས་པའི་ལོ་༡༠ ཚུན་ གེ་ཟ་སྲིབ་ཀི་ཇེ་༡༠༠ བརྡུང་ནི་ལུ་ གཡུས་མི་ཚུ་འཚོལ་ཏེ་ བདུན་ཕྲག་ལས་བཅད་དེ་ སྲིབ་བརྡུང་དགོ་པའི་ཁར་ ཉིན་བསྟར་བཞིན་དུ་ བཞེས་སྒོ་ཚུ་ བྱིན་དགོ་ཟེར་ཨིན་པས།

ཨིན་རུང་ ད་རེས་ནངས་པར་ འཕྲུལ་ཆས་དེ་གིས་ དཀའཝ་སྤྱད་མ་དགོ་པར་ དུས་ཡུན་ཆུ་ཚོད་༣ གྱི་རིང་ བརྡུང་ཚར་དོ་ཡོདཔ་ལས་ གནས་སྟངས་ལེ་ཤ་གིས་ བསྒྱུར་བཅོས་སོང་ཡི་ཟེར་ཨིན་པས།

ལྷག་པར་དུ་ ད་རེས་ནངས་པར་ གཡུས་མི་ཚུ་གིས་ཡང་ གེ་ཟ་ཞིང་ག་ར་ནང་ གེ་ཟ་འཛུགས་སྐྱོང་འབད་ནི་ལས་ བཞག་དགོ་མི་དེ་ཡང་ རི་དྭགས་སེམས་ཅན་ཚུ་ལུ་བརྟེན་ ཨིན་ཟེར་ཨིན་པས།

དེ་འབདཝ་ད་ ཀརྨ་ཆོས་འཛོམས་དང་འཁྲིལཝ་ད་ ཚོང་འབྲེལ་གྱི་དོན་ལུ་ གཡུས་མི་ཚུ་གིས་ རི་དྭགས་སེམས་ཅན་དང་ དོ་འགྲན་འབད་དེ་ གེ་ཟ་འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ འོང་འབབ་ཡང་ བཟོ་ཚུགས་ཏེ་འདུག་ཟེར་ཨིན་པས།

མ་གཞི་ གཡུས་མི་ཚུ་གིས་ གེ་ཟ་དེ་ འཚོ་བ་གཙོ་ཅན་ཅིག་མེན་རུང་ སྲིབ་བརྡུང་སྟེ་བཙོང་ནི་དང་ ནོར་སེམས་ཅན་ཚུ་ལུ་ བྱིན་ནི་ལུ་ ལག་ལེན་འཐབ་དོ་ཡོདཔ་ལས་ ལཱ་འབདཝ་མ་གཏོགས་ འཚོ་བ་གཙོ་བོ་ རེད་ལུ་བརྟེན་སྡོད་དོ་ཟེར་ བཤདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ གཡུས་ཁ་ལུ་ ཁྱིམ་སྲུང་འབད་མི་ ཕམ་རྒན་རྒས་ཚུ་མ་གཏོགས་ ཧེ་མ་བཟུམ་སྦེ་  སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་མེདཔ་ལས་ ནམ་ཅིག་གི་ཚེ་ ཨ་ལོ་ཚུ་གིས་ ཞི་གཡོག་སྦེ་སྡོད་པ་ཅིན་ ད་ལྟོ་ བཟའ་སྤྱོད་འབད་མི་ ཞིང་ཚུ་ཡང་ ཚལ་མ་ལུ་ འགྱུར་ནི་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།

སྲིབ་བརྡུང་མི་ ཆོས་སྐྱིད་དབང་མོ་གིས་ སླབ་མིའི་ནང་ སོ་ནམ་གྱི་ལཱ་ཡང་ ཧེ་མ་བཟུམ་སྦེ་ དཀའཝ་སྤྱད་མ་དགོ་པའི་ཁར་ ལཱ་ག་ཅི་འབད་རུང་ འོང་འབབ་བཟོ་ཚུགས་དོ་ཡོདཔ་ལས་ ད་རེས་ནངས་པར་ ལཱ་གཡོག་མ་འཐོབ་པར་སྡོད་མི་ ན་གཞོན་ཚུ་གིས་ གཡུས་ཁར་འོང་སྟེ་ ལཱ་འབད་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།

ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལོ་ཐོག་གཙོ་ཅན་ཅིག་ཨིན་མི་ གེ་ཟ་དེ་ ཧེ་མ་འབད་བ་ཅིན་ ཁ་རང་ལྟོ་ཟ་ནིའི་དོན་ལུ་དང་ ཆང་བཙོ་སྟེ་ འཐུང་ནིའི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ དངུལ་གྱི་འོང་འབབ་བཟོ་མི་ གཙོ་ཅན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ གེ་ཟ་སྲིབ་ལུ་བརྟེན་ཏེ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *