བར་མཚམས་-གཤོང་ཕུག་གི་འཐུས་མི་ མཁས་དབང་པ་སངས་རྡོ་རྗེ་གིས་ གཞུང་ལམ་རྒྱ་སྐྱེད་ཀྱི་ ལཱ་ནམ་མཇུག་བསྡུ་ནི་ཨིན་ནའི་སྐོར་ དྲི་བ་ཞུ་བའི་བསྒང་།

ཤར་ནུབ་གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་ ཀི་ལོ་མི་ཊར་༣༧༦ མཇུག་བསྡུ་ཡོདཔ།

༉ ཁག་འབག་གི་ཐོག་ལས་ རྒྱལ་ཡོངས་ཀྱི་ གཞུང་ལམ་༣༩ དེ་ཅིག་ རྒྱ་སྐྱེད་འབད་ནི་ འགོ་བཙུགས་ཡོད་མི་ལས་༣༤ མཇུག་བསྡུ་ཡོདཔ་བཞིན་དུ་ གཞུང་ལམ་ཁག་༥ མཇུག་བསྡུ་བར་ ལུས་མི་དེ་ ཁྲིམས་བཤེར་དང་ རྩོད་རྙོགས་ཚུ་ལུ་བརྟེན་ ཐོགས་ལུས་ཡོད་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༡ པའི་ཚེས་༢༡ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ནང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ཞུ་ཡི།
བར་མཚམས་-གཤོང་ཕུག་གི་འཐུས་མི་ མཁས་དབང་པ་སངས་རྡོ་རྗེ་གིས་ བྱང་ཕྱོགས་ཤར་ནུབ་ཀྱི་ གཞུང་ལམ་རྒྱ་སྐྱེད་འབད་དེ་ ལོ་ལེ་ཤ་ལང་རུང་ མཇུག་མ་བསྡུ་བར་ཡོདཔ་ལས་ དུས་ཅིའི་ལོ་རྫོགསཔ་ད་ མཇུག་བསྡུ་ནི་གི་ འོས་འབབ་དང་ གནས་ཚད་ག་དེམ་ཅིག་ལུ་ ལྷོད་དེ་ཡོདཔ་ཨིན་ནའི་ དྲི་བ་ཞུ་ཡི།
ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ བྱང་ཕྱོགས་ཤར་ནུབ་ཀྱི་ གཞུང་ལམ་དེ་ དཔལ་འབྱོར་དང་ ཚོང་འབྲེལ་གྱི་ ལཱ་ག་ཅི་འབད་རུང་ དུས་རྒྱུན་ལམ་འགྲུལ་འབད་སའི་ ཁྲག་རྩ་བཟུམ་ཅིག་ཨིནམ་ལས་ གཞུང་གིས་ གཞུང་ལམ་ཁག་༥ རྒྱ་སྐྱེད་འབད་མ་ཚུགས་པར་ ལུས་མི་དེ་ འཕྲལ་མགྱོགས་ར་ མཇུག་བསྡུ་ཚུགསཔ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཟེར་ཨིན་པས།
ཞབས་ཏོག་བློན་པོ་གིས་ ལམ་སེལ་ནིའི་ ས་གོའི་གནས་སྟངས་དང་ ཁག་འབགཔ་ཚུ་དང་མཉམ་ ལཱ་འབདཝ་ད་ ལཱ་ཁག་ཡོད་རུང་ དཀའ་ངལ་ཚུ་ སེལ་ཐབས་འབད་དོ་ཟེར་ཞུ་ཡི།
གདོང་ལེན་སྦོམ་ཤོས་༡ པོ་དེ་ ལཱ་འབད་མི་ ཁག་འབགཔ་ཚུ་ལུ་ ལཱ་ཚ་ངེར་བཏོན་ཏེ་འབད་དགོ་པའི་ ཨུ་ཚུགས་བསྐྱེདཔ་ད་ ཁོང་གིས་ རྙོགས་བརྡུངས་ཏེ་ ཁྲིམས་སར་བསྐྱལ་བའི་བསྒང་ལས་ ཁྲིམས་འདུན་ལས་ ལམ་སེལ་གྱི་ལཱ་ཚུ་ བཀག་ཆ་འབད་མི་ལུ་བརྟེན་ ལཱ་འབད་མ་ཚུགས་པར་ ཟླཝ་༤ ལས་༦ ཚུན་ ཐོགས་ལུསཔ་མས་ཟེར་ ཞབས་ཏོག་བློན་པོ་གིས་ཞུ་ཡི།
ཨིན་རུང་ བློན་པོ་གིས་འབད་བ་ཅིན་ མིག་མཐོང་ལག་བཟུང་སྦེ་ཡོད་མི་ ཀྲོང་གསར་བིའུ་པོ་ཡེནཊ་ལས་ ཁྲོམ་ཚུན་ གཞུང་ལམ་ཀི་ལོ་མི་ཊར་༡༢-༡༣ དེ་ཅིག་ རྒྱ་སྐྱེད་འབད་ནིའི་ནང་ སྟབས་མ་བདེཝ་ཐོན་མི་དེ་ བསལ་ཡོདཔ་ལས་ ད་རེས་ ཁག་འབགཔ་ལུ་སྤྲོད་དེ་ ལཱ་འགོ་བཙུགས་དོ་ཟེར་ཨིན་པས། དེ
་བཟུམ་སྦེ་ དབང་འདུས་ཕོ་བྲང་ནུབ་སྡིངས་དང་ མོང་སྒར་ཀོ་རི་ལའི་ གཞུང་ལམ་ལ་ལོ་ ཁག་འབགཔ་ལུ་ སྤྲོད་ཚར་ཡོདཔ་མ་ཚད་ ལམ་ལ་ལོ་ ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལ་ བཀག་འཛིན་འབད་དེ་ཡོདཔ་ལས་ ལམ་རེ་གཉིས་ནང་ བྱ་ཐབས་མེད་པར་ ལུས་ཏེ་ཡོད་མི་ཚུ་ཡང་ གཞུང་གིས་མགྱོགས་པ་ར་ ལཱ་འགོ་བཙུགས་འོང་ཟེར་ཞུ་ཡི།
དེ་ལས་ ཤར་ནུབ་ཀྱི་ གཞུང་ལམ་བདའ་སྟེ་ བུམ་ཐང་ཨུ་ར་དང་ མོང་སྒར་གླིང་མེད་ཐང་གི་ གཞུང་ལམ་རྒྱ་སྐྱེད་མ་འབད་བར་ ཡོད་མི་དེ་ཡང་ ཤིང་མཁར་-གོར་གཱན་གྱི་གཞུང་ལམ་ ག་ཏེ་ལས་ སེལ་ནི་ཨིན་ན་ ཐག་མ་བཅད་པར་ཡོད་ནི་དེ་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཐོ་ཕོག་སྟེ་ཡོད་ཟེར་ཨིནམ་ད་ ད་རེས་ ཨུ་ར་དང་ གླིང་མེད་ཐང་གི་བར་ན་ ལམ་ལེགས་བཅོས་འབད་ནིའི་ མ་དངུལ་ཚུ་ཡང་ བགོ་བཀྲམ་འབད་དེ་ཡོད་ཟེར་ བློན་པོ་རྡོ་རྗེ་ཚེ་རིང་གིས་ ཞུ་ཡི།
བཀྲིས་སྒང་ལྕགས་ཟམ་ལས་ མོང་སྒར་ཡ་ལྡི་ཚུན་ ཀི་ལོ་མི་ཊར་༥༢ འབད་མི་ གཞུང་ལམ་དེ་ ལམ་སེལ་ལས་ཁུངས་ཀྱིས་ ཌཱན་ཊག་ལས་འགུལ་ལས་ རྩིས་ལེན་ཡོདཔ་ད་ ལཱ་ཚུ་ཡང་ ལེགས་ཤོམ་འགྱོ་དོ་ཟེར་ བློན་པོ་གིས་ ཞུ་ཡོདཔ་ད་ ད་ཚུན་གྱི་བར་ན་ ཤར་ནུབ་ཀྱི་ གཞུང་ལམ་ཀི་ལོ་མི་ཊར་༣༧༦ དེ་ཅིག་ རྒྱ་སྐྱེད་འབད་ཚར་ཡོདཔ་ཨིན་པས།
འཐུས་མི་མཁས་དབང་པ་སངས་རྡོ་རྗེ་གིས་ གཞུང་ལམ་རྒྱ་སྐྱེད་འབད་ཚར་མི་ཚུ་ནང་ ཧག་ཀ་ཧོག་ཀ་ཐོན་ཡོདཔ་ལས་ གཞུང་གི་ཟད་འགྲོ་འཕྲོ་བརླག་ཨིན་མས་ཟེར་ ཞུ་བའི་ཁར་ ད་ལས་ཕར་ དཀའ་ངལ་འདི་བཟུམ་མི་འབྱུང་ནིའི་དོན་ལུ་ གཞུང་གིས་ འགན་ཁུར་དང་ འགན་ཁྲི་ཚུ་ ག་དེ་སྦེ་ འབག་ནི་ཨིན་ན་ཟེར་ ཞུ་ཡི།
ཞབས་ཏོག་བློན་པོ་གིས་ ཞུ་མིའི་ནང་ འཁོར་ལམ་ཚུ་ སྤུས་ཚད་མེད་མི་དང་ ཧག་ཀ་ཧོག་ཀ་རེ་ འཐོན་པ་ཅིན་ འགན་ཁུར་དེ་ ལཱ་འབད་མི་དང་ ཞབས་ཏོག་ལྷན་ཁག་གིས་ར་ འབག་འོང་ཟེར་ཨིནམ་ད་ ལམ་སེལ་ནི་ལུ་ སྟབས་མ་བདེཝ་ཡོད་མི་ཚུ་ཡང་ ལོ་མཇུག་བསྡུ་ཁམས་ལུ་ སེལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཚེ་རིང་ནོར་བུ།

 

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *